ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་སྐབས་དོན་དཔྱད་གླེང་ཨ་རིའི་ཉོ་ཚོང་བཙན་ཐབས་ལ་ཁ་གཏད་གཅོག་པར་ཀྲུང་གོར་གཏིང་ཤུགས་ཡོད་ཅེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་བདུན་པའི་ཚེས་༦ཉིན། ཨ་རིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོ་རྒོལ་དྲག་པོ་བྱས་པར་མ་ལྟོས་པ་དང་། ཀྲུང་གོ་དང་ཨ་རིའི་བར་གྱི་དབྱེ་འབྱེད་གྲོས་མོལ་གྱི་མཇུག་འབྲས་སྣང་མེད་དུ་བཏང་ནས་ཨ་སྒོར་དུང་ཕྱུར་༣༤༠ཟིན་པའི་ཀྲུང་གོའི་ཐོན་རྫས་ལ་སྒོ་ཁྲལ་བརྒྱ་ཆ་༢༥མཐོ་རུ་གཏོང་རྒྱུ་དངོས་སུ་འགོ་བཙུགས་ཡོད། དེ་རྗེས་ཀྲུང་གོའི་ཕྱོགས་ནས་ཀྱང་འཕྲལ་མར་མང་ཉུང་འདྲ་མཚུངས་ཡིན་པའི་སྒོ་ཁྲལ་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་བྱ་ཐབས་ཁྱབ་བསྒྲགས་བྱས་པ་དང་། ཨ་རི་ཕྱོགས་རྐྱང་པས་བསླངས་པ་དང་དཔལ་འབྱོར་ལོ་རྒྱུས་ཐོག་ད་བར་གཞི་ཁྱོན་ཆེ་ཤོས་ཀྱི་ཉོ་ཚོང་དམག་འཐབ་དངོས་སུ་འགོ་ཚུགས་ཡོད།
ཉོ་ཚོང་དམག་འཐབ་ལ་རྒྱལ་ཁ་ཐོབ་མཁན་མེད། དེ་ནི་ཧ་གོ་དོན་གསལ་ཞིག་ཡིན། འོན་ཀྱང་ཨ་རིའི་ཉོ་ཚོང་བཙན་ཐབས་དང་ཐུབ་ཚོད་མདུན་དུ་ཀྲུང་གོར་གདམ་ག་གཞན་མེད་པས་ངེས་པར་དུ་འགྲན་རྩོད་ལ་ཁ་གཏད་མཐའ་གཅིག་ཏུ་གཅོག་དགོས།

ཨ་རིས་བསླངས་པའི་ཉོ་ཚོང་དམག་འཐབ་ཁྲོད་ཀྲུང་གོའི་ཕྱོགས་ནས་ད་བར་བཟོད་སྒོམ་བྱས་ཡོད་ནའང་ཨ་རིའི་ཕྱོགས་ནས་སྔ་བར་ཕྱི་གསུམ་དུ་རང་འདོད་ཁེར་སྒྲུབ་བྱས་ཡོད། ཨ་རིས་ཁྱབ་བསྒྲགས་བྱས་པའི་སྒོ་ཁྲལ་མཐོར་གཏོང་གི་ཞིབ་ཐོ་ལས་མཐོང་ཐུབ་པར། ཨ་རིས་ཉོ་ཚོང་དམག་འཐབ་སློང་བའི་དམིགས་ཡུལ་ངོ་མ་ནི་ཉོ་ཚོང་དོ་སྙོམས་དང་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་ཟེར་བ་མིན་པར་ཀྲུང་གོའི་ཚན་རྩལ་མཐོ་བའི་ཐོན་ལས་གོང་འཕེལ་འགྲོ་རྒྱུར་བཀག་འགོག་བྱས་ནས། ཀྲུང་གོའི་གོང་འཕེལ་དང་དར་རྒྱས་ལ་བཀག་འགོག་བྱ་ཆེད་ཡིན་པ་རེད། དེ་ནི་ཀྲུང་གོར་གནས་ལུགས་རྒྱུ་མཚན་མེད་པར་འཁྲུག་རྩོད་བསླངས་བ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་པ་ཞིག་ཡིན་པས། ཀྲུང་གོ་སྲིད་གཞུང་གིས་དོན་དེའི་ཐད་མགོ་བོ་མི་སྒུར་བ་དང་གཡོ་འགུལ་སྤོ་ཙམ་མི་གཏོང་བར་ངེས་པར་དུ་ཁ་གཏད་གཅོག་དགོས།

ཀྲུང་གོས་འགྲན་རྩོད་ལ་ཁ་གཏད་མཐའ་གཅིག་ཏུ་གཅོག་དོན་ནི་གནད་དོན་དེ་ནི་ཀྲུང་གོ་དང་ཨ་རིའི་བར་གྱི་ཉོ་ཚོང་འགལ་ཟླ་ཁོ་ན་ཙམ་མ་ཡིན་པར་ལམ་བུའི་སྟེང་གི་འགྲན་རྩོད་ཅིག་ཡིན་ལ། ཕྱོགས་རྐྱང་པའི་རིང་ལུགས་དང་ཕྱོགས་མང་རིང་ལུགས། སྲུང་སྐྱོང་རིང་ལུགས། རང་མོས་ཉོ་ཚོང་བཅས་བར་གྱི་འཐབ་རྩོད་ཅིག་ཡིན། ཨ་རིའི་དུས་རབས་ཀྱི་རླབས་རྒྱུན་དང་ལྡོག་ཅིང་ཕྱིན་ཅི་ལོག་པའི་སྤྱོད་ཚུལ་དེས་འཛམ་གླིང་ཧྲིལ་པོའི་ཐོན་ལས་འབྲེལ་ཐག་དང་རིན་ཐང་འབྲེལ་ཐག་ལ་གནོད་འཚེ་ཕོག་རྒྱུ་དང་། ཨ་རིའི་ཁེ་ལས་ཚུད་པའི་འབྲེལ་ཡོད་ཁེ་ལས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་མ་ཟད། དཔལ་འབྱོར་འཛམ་གླིང་ཅན་དང་ད་ཡོད་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་ལ་ཕོག་ཐུག་བཟོ་བར་ཐེ་ཚོམ་མེད། འཛམ་གླིང་ཐོག་གི་དཔལ་འབྱོར་མ་ལག་ཆེ་བ་གཉིས་པ་ཡིན་པ་དང་། དཔལ་འབྱོར་འཛམ་གླིང་ཅན་དང་འཛམ་གླིང་གི་ཐོན་ལས་འབྲེལ་ཐག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་དང་དེའི་ནང་ཞུགས་མཁན་ཞིག་ཡིན་པའི་ངོས་ནས། ཨ་རིའི་ཉོ་ཚོང་བཙན་ཐབས་དང་ཐུབ་ཚོད་ལ་ཁ་གཏོད་གཅོག་སྐབས་འཛམ་གླིང་ཐོག་གནད་དོན་དེ་རིགས་འཕྲད་བཞིན་པའི་རྒྱལ་ཁབ་གཞན་དང་ཟུང་སྦྲེལ་བྱས་ཏེ་མཉམ་དུ་ཁ་གཏད་གཅོག་པའི་འོས་འགན་ཀྲུང་གོར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།