རིགས་གཅིག་མཁས་པས་ཧྲང་ཧའེ་སྙིང་སྟོབས་དང་བདེ་འཇགས་ལྟ་བ་གླེང་བ།
སྤེལ་བའི་དུས་ཚོད། : 2018-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ལ་ཧྲང་ཧའེ་སྙིང་སྟོབས་ཀྱི་ནང་དོན་ཟབ་པོ་འབྲེལ་བཤད་གནང་བ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་བདེ་འཇགས་མཉམ་ལས་བྱེད་པའི་གཞི་རྩའི་རྩ་དོན་ནི་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཡིན་པ་རེད།

ཀྲུང་གོའི་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་མ་ཅ་ལིས། བདེ་འཇགས་འདུ་ཤེས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱི་ནང་དོན་གལ་ཆེན་ཞིག་ལ་འགྱུར་ཡོད་ལ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་བར་གྱི་འབྱུང་འགྱུར་གྱི་བདེ་འཇགས་མཉམ་ལས་ཐད་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་ཡོད་ཅེས་བསྟན་ཡོད་པ་དང་། མ་ཅ་ལིས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་བཙུགས་པའི་དུས་འགོར། བདེ་འཇགས་གནད་དོན་དེ་དམིགས་གསལ་ནན་བཤད་བྱེད་ཀྱི་ཡོད་པ་དང་། སྟོབས་ཤུགས་ངན་པ་གསུམ་ལ་ཁ་གཏདད་བཅོག་པ་དང་། ལྷག་པར་དུ་འཇིགས་སྐུལ་རིང་ལུགས་དང་། ཐད་སྐྱོད་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུ་ནན་བཤད་བྱེད་ཀྱི་ཡོད། ལོ་མང་པོ་དེ་དག་ནང་། ཕྱོགས་དེ་དག་ཐད་སྒྲིག་གཞི་ཞིག་ཆགས་ཟིན་ཡོད། ད་ལྟ་ང་ཚོས་ཀྱང་བདེ་འཇགས་ལྟ་བ་ནང་དོན་གལ་ཆེན་ལ་བརྩི་བ་དང་། སླད་ཕྱིན་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་གོང་འཕེལ་གྱི་ལས་ཀའི་གཙོ་གནད་ལ་བརྩི་གི་ཡོད་པས། ངས་བྱས་ན་དེ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོ་རབ་དང་ཨེ་ཤེ་ཡ་ཁང་གི་ཞིབ་འཇུག་པ་ལི་ཡོང་ཆོན་གྱིས། བདེ་འཇགས་ལྟ་བའི་ཁྲོད་འཇམ་འཐབ་དམག་འཁྲུག་གི་བསམ་བློ་དང་། ཚོགས་པའི་ཁ་གཏད་དོར་བ་དང་། རྒྱལ་ཁབ་གཞན་གྱི་བདེ་འཇགས་བློས་གཏོང་བྱས་ནས་རང་ཉིད་ཀྱི་བདེ་འཇགས་བརྗེ་བའི་བྱེད་སྟངས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཡོངས་ཁྱབ་བདེ་འཇགས་མངོན་འགྱུར་ཡོང་བ་ཞེས་པའི་ཤོད་སྟངས་དེ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁོངས་གཏོགས་རྒྱལ་ཁབ་བར་གྱི་བདེ་འཇགས་དང་ཕན་ཚུན་ཡིད་ཆེས་འཛུགས་རྒྱུ་ནན་བཤད་བྱེད་པ་དང་མཐུན་ཡོད་པའི་ངོས་འཛིན་གནང་ཡོད་པ་དང་། ཁོང་གིས། བདེ་འཇགས་ནི་རྒྱལ་ཁབ་གཅིག་གི་གོང་འཕེལ་གྱི་རྨང་གཞི་ཡིན། འོན་ཀྱང་ད་ལྟ་རྒྱལ་ཁབ་ཁག་གཅིག་གིས་རྟག་ཏུ་བདེ་འཇགས་དེ་བྱ་ཐབས་ལ་བརྩི་བ་ལས། རྒྱལ་ཁབ་ཁག་གི་གོང་འཕེལ་འགན་ལེན་བྱེད་པའི་དམིགས་འབེན་ལ་བརྩི་གི་མེད། ཐ་ན་སྐབས་རེ་བདེ་འཇགས་གནད་དོན་དེ་རྒྱལ་ཁབ་ཆེན་པོའི་བར་གྱི་འགྲན་རྩོད་དམ་རང་ངོས་ཁེ་ཕན་ཐོབ་པའི་བྱ་ཐབས་ལ་བརྩི་གི་ཡོད། དེ་ནི་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་ཞིག་ཡིན། དེར་བརྟེན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཞན་གྱི་བདེ་འཇགས་བློས་གཏོང་བྱས་ནས་རང་ཉིད་ལ་བདེ་འཇགས་ཡོང་བ་བྱས་པའི་བྱེད་སྟངས་ལ་ངོ་རྒོལ་བྱེད་དགོས་པ་གསལ་སྟོན་གནང་ཡོད་པ་དང་། དེ་ནི་འདྲ་མཉམ་ནན་བཤད་བྱས་པ་ཞིག་ཀྱང་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།