ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་འཚོགས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གལ་ཆེའི་གསུང་བཤད་གནང་བ།
སྤེལ་བའི་དུས་ཚོད། : 2018-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་གི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་དེ་ཆིང་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གལ་ཆེའི་གསུང་བཤད་གནང་བ་རེད། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་། རྒྱུན་བཙུགས་ལས་ཁུངས་ཀྱི་འགན་འཁུར་བ། ལྟ་ཞིབ་རྒྱལ་ཁབ་ཀྱི་འགོ་ཁྲིད། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བ་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། ཚོགས་ཞུགས་ཕྱོགས་ཁག་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་གོང་འཕེལ་གྱི་འཕེལ་རིམ་ལ་ཕྱིར་དྲན་དང་། སྒྲིག་འཛུགས་དེའི་ད་ལྟའི་གནས་ཚུལ་དང་། ལས་འགན། མདུན་ལྗོངས་བཅས་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལང་ཕྱོགས་མཐུན་སྦྱོར་གནང་བར་དོན་གནད་མང་པོའི་ཐད་དགོངས་འཆར་གཅིག་མཐུན་བྱུང་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་བཅུ་གཅིག་པར་གྲོས་ཚོགས་དངོས་སུ་འགོ་ཚུགས་པ་དང་། ཞི་ཅིན་ཕིང་གིས་འགོ་ཚུགས་ཤིས་ཚིག་ནང་ཕྱོགས་ཁག་ནས་ལོ་གཅིག་རིང་ཀྲུང་གོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་གི་ལས་དོན་ལ་ཤུགས་ཆེའི་རྒྱབ་སྐྱོར་དང་གཞོགས་འདེགས་དམ་ཟབ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཐེངས་འདིའི་དབུ་ཚོགས་ནི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་རྒྱ་བསྐྱེད་བཏང་ཚུན་གཉེར་བའི་དབུ་ཚོགས་ཐེངས་དང་པོ་ཡིན་པས། དེར་སྔ་ཤུལ་རྗེས་འཛིན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཤིང་། རྒྱ་གར་གྱི་ཙུང་ལི་མོ་ཏི་དང་པ་ཀི་སི་ཐན་གྱི་ཙུང་ཐུང་ཧའུ་སད་དབྱིན་ཐེངས་དང་པོར་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་ངོས་ནས་དབུ་ཚོགས་ལ་ཞུགས་པར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
དེའི་རྗེས་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་བ་རེད། ཁོང་གིས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་བཙུགས་ནས་ལོ་ངོ་བཅུ་བདུན་འདས་པ་དང་། དེའི་རིང་སྤྱིར་བཏང་མ་ཡིན་པའི་གོང་འཕེལ་གྱི་འཕེལ་རིམ་བརྒྱུད་ཡོད་པ་དང་། གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་གསུངས་འདུག

ཞི་ཅིན་ཕིང་གིས། ད་ཆ་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ནི་འཛམ་གླིང་ཐོག་ཁྱབ་རྒྱ་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་མཉམ་ལས་སྒྲིག་འཛུགས་ཤིག་ལ་གྱུར་ཡོད་པ་དང་། ཤུགས་རྐྱེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཞིང་། འཛམ་གླིང་ཞི་བས་གོང་འཕེལ་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེའི་སྟོབས་ཤུགས་སྣང་ཆུང་བྱ་མི་རུང་བ་ཞིག་ཏུ་གྱུར་ཡོད་ཅེས་གསུངས་འདུག

ཁོང་གིས། དེང་གི་འཛམ་གླིང་ངོས་ནས་བཤད་ན། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ནི་འགོག་ཐབས་བྲལ་བའི་དུས་རབས་ཀྱི་རླབས་རྒྱུན་ཞིག་ཡིན་པ་དང་། བདེ་འཇགས་བརྟན་ལྷིང་ནི་མི་སེམས་ཕྱོགས་ས་ཡིན་པ། མཉམ་ལས་མཉམ་རྒྱལ་ནི་འཕེལ་ཕྱོགས་ཆེན་པོ་ཡིན་པ། ཤེས་དཔལ་མི་འདྲ་བའི་བར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་ཞིག་ཡིན། གོམ་གང་མདུན་སྤོས་ཀྱིས་ཧྲང་ཧའེ་སྙིང་སྟོབས་དར་སྤེལ་གྱིས། གསར་གཏོད་དང་། མཐུན་སྦྱོར། འབག་མེད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་ལྟ་བ་དར་སྤེལ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར། སྒོ་དབྱེ་དང་། མཉམ་འདྲེས། གཉིས་ཕན། མཉམ་རྒྱལ་བཅས་ཀྱི་བདེ་འཇགས་ལྟ་བ་འཛིན་སྐྱོང་། འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས་བྱེད་པ། ཁོག་ཡངས་བཅས་ཀྱི་ཤེས་དཔལ་ལྟ་བ་འཛུགས་པ། མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བཅས་བྱས་ནས། དུས་རབས་ཀྱི་དཀའ་གནད་སེལ་བ་དང་། ཉེན་ཁ་དང་འགྲན་རྩོད་སེལ་དགོས་ཞེས་གསུངས་འདུག

ཞི་ཅིན་ཕིང་གིས། ཧྲང་ཧའེ་ཡི་སྙིང་སྟོབས་ནི་ང་ཚོ་ཐུན་མོང་གི་རྒྱུ་ནོར་ཞིག་ཡིན་ལ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ནི་ང་ཚོ་ཐུན་མོང་གི་ཁྱིམ་གཞིས་ཡིན་ཞེས་ནན་སྟོན་གནང་འདུག

དོན་དེའི་ཐད་ཞི་ཅིན་ཕིང་གིས་གྲོས་འགོ་ལྔ་བཏོན་ཡོད།

དང་པོ། མཐུན་སྒྲིལ་ཆེ་ཞིང་ཕན་ཕུན་ཡིད་ཆེས་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས།

གཉིས་པ། ཞི་བདེ་བདེ་འཇགས་ཀྱི་ཐུན་མོང་རྨང་གཞི་བརྟན་དུ་གཏོང་དགོས། འགོག་སྲུང་ལས་དོན་བདེ་འཇགས་དང་ཁྲིམས་འཛིན་བདེ་འཇགས། ཆ་འཕྲིན་བདེ་འཇགས་མཉམ་ལས་བཅས་ཤུགས་ཆེར་བཏང་ཏེ་ཨབ་ག་ནི་སི་ཏན་ནས་ཞི་བདེ་བསྐྱར་འཛུགས་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། འབྱུང་འགྱུར་གྱི་ལོ་ངོ་གསུམ་རིང་། ཀྲུང་གོས་ཕྱོགས་ཁག་ལ་ཁྲིམས་འཛིན་མི་སྣ་ཉིས་སྟོང་གསོ་སྐྱོང་བྱས་ནས་ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་བྱ་རྒྱུར་རོགས་རམ་བྱེད་འདོད་ཡོད།

གསུམ་པ། ཐུན་མོང་དར་རྒྱས་དང་གོང་འཕེལ་ཐུབ་པའི་འགུལ་འབྱེད་འཕྲུལ་འཁོར་གཏོད་དགོས། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་དང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ས་ཁུལ་གྱི་ཉོ་ཚོང་སྟབས་བདེ་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་དགོས།

བཞི་པ། མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ཀྱི་ཐུན་མོང་སྦྲེལ་དག་དམ་དུ་གཏོང་དགོས།

ལྔ་པ། རྒྱལ་སྤྱིའི་མཉམ་ལས་ཀྱི་རོགས་ཟླའི་དྲ་བ་རྒྱ་ཆེར་གཏོང་དགོས། ལྟ་ཞིབ་ཁོངས་གཏོགས་རྒྱལ་ཁབ་དང་གླེང་མོལ་རོགས་ཟླ་སོགས་ས་ཁུལ་གྱི་རྒྱལ་ཁབ་བར་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱི་དང་ས་ཁུལ་སྒྲིག་འཛུགས་ཀྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་དངུལ་རྩའི་ཚན་པའི་བར་གླེང་མོལ་བྱེད་པ་བཅས་བྱས་ནས་གཙོ་གནད་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་དང་གོ་ལའི་བཅོས་སྐྱོང་ནུས་པ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ལེགས་སྐྱེས་འབུལ་དགོས་པ་བཅས་རེད།

གྲོས་ཚོགས་ཐོག རྒྱ་གར་གྱི་ཙུང་ལི་མོ་ཏི་དངང་ཧ་སག་སི་ཏན་གྱི་ཙུང་ཐུང་ན་ཀྲ་པ་དབྱེ་ཧྥུ། ཅིར་ཅི་སི་སི་ཏན་གྱི་ཙུང་ཐུང་རེ་ཨེན་པེ་ཁེ་ཧྥུ། པ་ཀི་སི་ཏན་གྱི་ཙུང་ཐུང་ཧའུ་སའེ་དབྱིན། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་། ཐ་ཅི་ཁེ་སི་ཏན་གྱི་ཙུང་ཐུང་བླ་ཧོ་མོང་། ཨུ་ཙེ་པེ་ཁེ་སི་ཏན་གྱི་ཙུང་ཐུང་མིར་ཆི་གཡོལ་དབྱེ་ཧྥུ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དྲུང་ཆེ་ཨ་ལེ་མོ་ཧྥུ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ས་ཁུལ་འཇིག་སྐུལ་ངོ་རྒོལ་ཚན་པའི་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རིན་པི་སོ་དབྱེ་ཧྥུ། ཨབ་ག་ནི་སི་ཏན་གྱི་ཙུང་ཐུང་ཀ་ཉི། པའེ་ཨུ་རུ་སུའི་ཙུང་ཐུང་ལུ་ཁ་ཧྲེན་ཁེ། དབྱི་རན་གྱི་ཙུང་ཐུང་ལུ་ཧ་ཉི། མོང་གོལ་གྱི་ཙུང་ཐུང་པ་ཐེ་ཐུ་ལེ་གེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨ་མིང་ནཱ་བཅས་ནས་སྔ་རྗེས་སུ་གཏམ་བཤད་སྤེལ་གནང་ཡོད། ཁོང་རྣམ་པས་ཀྲུང་གོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་གོང་འཕེལ་ཐད་ཕུལ་བའི་ལེགས་སྐྱེས་དང་རེ་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་གནས་ཁུར་རིང་བསྒྲུབས་པའི་ལས་དོན་ཁག་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ནས་རྒྱ་གར་དང་པ་ཀི་སི་ཏན་དེའི་ནང་ཞུགས་རྒྱུར་ཡིད་འགུག་བྱས་པའི་དོན་སྙིང་གལ་ཆེན་ལ་གདེང་འཇོག་གནང་ཡོད། ཕྱོགས་ཁག་གིས་མུ་མཐུད་དེ་ཧྲང་ཧའེ་སྙིང་སྟོབས་ལ་བརྩི་སྲུང་ཞུས་ཏེ་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་སྲ་བརྟན་དུ་གཏོང་བ་དང་། གོ་ལའི་དཔལ་འབྱོར་གྱི་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་མང་ཉོ་ཚོང་སྒྲིག་གཞི་སྲ་བརྟན་དང་གོང་འཕེལ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་འཛིན་ནང་ཁོངས་སུ་ས་ཁུལ་གྱི་གཙོ་གནད་གནད་དོན་ཐག་གཅོད་བྱ་རྒྱུ་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་སླར་ཡང་ཡོངས་ཁྱབ་ཀྱི་དགའ་བསུ་དང་རྒྱབ་སྐྱོར་ཐོབ་ཡོད།
གྲོས་ཚོགས་ཐོག་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་གསར་འགྱུར་སྤྱི་བསྒྲགས་ཞེས་པ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ནས་ཉོ་ཚོང་སྟབས་བདེ་ཅན་དུ་འགྱུར་རྒྱུའི་ཐད་ཀྱི་མཉམ་འབྲེལ་གསལ་བསྒྲགས་ཞེས་པ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ནས་གཞོན་ནུར་ཕུལ་བའི་ཐུན་མོང་གི་རེ་འདུན་ཞེས་པ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ས་ཁུལ་དུ་མཉམ་དུ་ནད་ཡམས་ལ་ཁ་གཏད་གཅོག་རྒྱུའི་སྐོར་གྱི་གསལ་བསྒྲགས་ཞེས་པ་བཅས་འགྲེམས་སྤེལ་བྱས་ཡོད།
གྲོས་ཚོགས་མ་ཚོགས་གོང་དུ། ཞི་ཅིན་ཕིང་ནས་ཕྱོགས་ཁག་དང་ལྷན་དུ་མགྲོན་བསུའི་ཚོམས་ཆེན་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།