རེས་འཁོར་བཅུ་པའི་ཀྲུང་གོ་དང་ཨི་རིའི་བཟོ་ཚོང་ལས་རིགས་ཀྱི་དབུ་ཁྲིད་དང་དེ་སྔའི་དཔོན་རིགས་ཀྱི་སྐད་ཆ་ཤོད་རེས་དེ་པེ་ཅིན་དུ་མཇུལ་སྒྲིལ་བ།
སྤེལ་བའི་དུས་ཚོད། : 2018-05-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། དུས་ཡུན་ཉིན་གཅིག་དང་ཆེད་ཀ་ཡིན་པའི་རེས་འཁོར་བཅུ་པའི་ཀྲུང་གོ་དང་ཨི་རིའི་བཟོ་ཚོང་ལས་རིགས་ཀྱི་དབུ་ཁྲིད་དང་དེ་སྔའི་དཔོན་རིགས་ཀྱི་སྐད་ཆ་ཤོས་རེས་དེ་པེ་ཅིན་དུ་མཇུལ་སྒྲིལ་ཡོད་པ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འགལ་ཟླ་དང་རྒྱལ་ཁབ་གཉིས་པོའི་མ་འོངས་སྲིད་ཇུས་ཀྱི་འཕེལ་ཕྱོགས། རྒྱུད་གཅིག་ལམ་གཅིག གྲངས་གཞིའི་དཔལ་འབྱོར་སོགས་ཀྱི་གྲོས་གཞིར་སྤེལ་རེས་ལྷུག་སྩོལ་གནང་ཡོད་པ་རེད།

ཀྲུང་གོ་དང་ཨ་རིའི་བཟོ་ཚོང་དབུ་ཁྲིད་དང་དེ་སྔའི་དཔོན་རིགས་ཀྱི་སྐད་ཆ་ཤོས་རེས་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ནང་གི་སྤེལ་རེས་སྒྲིག་གཞི་གལ་ཆེན་ཨང་གཉིས་པ་དེ་ཡིན་པ་རེད། ད་ཐེངས་ཀྱི་གླེང་མོལ་ཁྲོད། ཨ་རིའི་ཕྱོགས་ཀྱི་སྐུ་ཚབ་ཚོས། ཨ་རི་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གསབ་རེས་ཀྱི་ཆ་ཤུགས་ཆེན་ལྡན་ཡོད། སྒོ་ཁྲལ་མཐོ་བ་སོགས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་བྱ་ཐབས་ཀྱིས་ཨ་རི་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གོང་འཕེལ་ལ་ཕན་ཐོག་མེད། ཨ་རིའི་བཟོ་ཚོང་ལས་རིགས་ཀྱིས་མུ་མཐུད་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་དང་། མ་འཇོག་མཉམ་ལས། ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་རྟན་ལྷིང་དང་སྐྱོན་བྲལ་གྱི་སྒོ་ནས་གོང་འཕེལ་འགྲོ་རྒྱུའི་ཐད་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་པ་བསྟན་ཡོད།

ཨ་རིའི་རྒྱལ་ཡོངས་ཚོང་ཚོགས་ཀྲུང་གོའི་ལྟེ་གནས་ཀྱི་ཀྲུའུ་རིན་ཝང་ཅེས། ཨ་རིའི་ཁེ་ལས་ཀྱིས་ཀྱང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ཁྲོད་ནས་གོ་སྐབས་གང་མང་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།

ཀྲུང་གོའི་སྐུ་ཚབ་ཀྱིས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་ནི་གནད་དོན་ཐག་གཅོད་ཐུབ་པའི་འགྲོ་ལམ་ཉག་གཅིག་དེ་ཡིན་པ་རེད། ཀྲུང་གོ་ཕྱོགས་ནས་ཀྱང་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། སྒོ་དབྱེ་རྒྱ་ཆེར་བཏང་ནས་ཤེས་བྱའི་ཐོན་དབང་དང་ཁྲོམ་རར་འཇུག་འཐུས། ཚོང་གཉེར་ཁོར་ཡུག་སོགས་ཀྱི་ཐད་ལྷག་པའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་པས། ཕྱོགས་གཉིས་པོའི་ཁེ་ལས་པ་ཚོས་དེའི་ཐད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་ཝེ་ཅན་ཀོས། སྐབས་བཅུ་གཅིག་པའི་གླེང་མོལ་དེ་ད་ལོའི་སྤྱི་ཟླ་༡༡པར་ཨ་རིའི་ཧོ་ཧྲེང་ཏུན་དུ་གཉེར་རྒྱུ་ཡིན་པ་དང་། ཀྲུང་གོའི་ཁེ་ལས་མཁས་པ་དང་ཨ་རིས་ཐུན་མོང་ཐོག གང་འདྲ་བྱས་ཏེ་མུ་མཐུད་མཉམ་ལས་ཤུགས་ཆེར་གཏོང་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད། གོམས་སྟབས་རྗེས་མར། ང་ཚོས་ཀྱང་ཨ་རིའི་དངུལ་རྩའི་ལས་རིགས་དང་། མ་འཇོག་ལས་རིགས་ཀྱིས་ཐུན་མོང་ཐོག་ཨ་ཤི་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཞུགས་ནས་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་གི་ཐོག་ནུས་པ་སྔར་བས་ལྷག་པ་འདོན་སྤེལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཟུར་གསལ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རིན་ཆེན་དབང་འདུས།