ཞི་ཅིན་ཕིང་གིས་ཤང་ཀང་དུ་ཡོད་པའི་ཁང་གཉིས་ཀྱི་ཡོན་ཧྲིས་བསྐུར་བའི་ཡི་གེར་གལ་ཆེའི་མཛུབ་སྟོན་གནང་བར་ཤང་ཀང་ཚན་རྩལ་ལས་རིགས་སུ་ལན་ཆ་བཟང་པོ་བྱུང་བ།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཞི་ཅིན་ཕིང་གིས་ཤང་ཀང་དུ་ཡོད་པའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིས་བསྐུར་བའི་ཡི་གེར་གལ་ཆེའི་མཛུབ་སྟོན་གནང་བར། ཤང་ཀང་ཚན་རྩལ་ལས་རིགས་སུ་ལན་ཆ་བཟང་པོ་བྱུང་ཡོད་པ་རེད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཤང་ཀང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཁྲེང་ཆོན་ཆིན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་ཐོག་ནས་རྒྱལ་ཁབ་ནས་ཤང་ཀང་གི་ཚན་རྩལ་འཕེལ་རྒྱས་ལ་མཐོང་ཆེན་པོ་གནང་བ་དང་ཤང་ཀང་གི་ཚན་རྩལ་ལས་དོན་པར་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མངོན་ཡོད་ལ། ཚང་མས་རྒྱལ་ཁབ་ཀྱི་གསར་སྐྲུན་གོང་འཕེལ་བྱ་གཞག་ནང་ཞུགས་པའི་སེམས་ཤུགས་ཀྱང་ཆེ་རུ་བཏང་ཡོད་ཅེས་གསུངས་ཡོད་པ་རེད།

ཁྲེན་ཆིང་ཆོན་ད་ལོ་དགུང་ལོ་༨༡ལ་ཕེབས་ཡོད་ཅིང་། སྐད་གྲགས་ལྡན་པའི་གློག་འཕྲུལ་གློག་ཤུགས་སྒུལ་བྱེད་དང་གློག་འཁོར་རིགས་གཅིག་མཁས་པ་ཡིན་ལ། འཛམ་གླིང་གློག་འཁོར་མཐུན་ཚོགས་གསར་གཏོད་གནང་མཁན་གྲས་ཤིག་ཡིན། སྤྱི་ལོ་༡༩༩༧ལོར། ཁོང་ཤང་ཀང་ས་ཁུལ་གྱི་ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་པོ་དེར་གྱུར་ཡོད་པ་རེད། ཁོང་གིས་ཤང་ཀང་དུ་ཡོད་པའི་ཁང་གཉིས་ཀྱི་ཡོན་ཧྲི་གཞན་དག་༢༣དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཡི་གེ་བསྐུར་དགོས་དོན་སྐོར་ལ། ས་གནས་གཉིས་ཀྱི་ཚན་རྩལ་སྤེལ་རེས་ཉིན་བཞིན་ཇེ་མང་དུ་འགྲོ་གི་ཡོད་མོད། འོན་ཀྱང་འགོག་རྐྱེན་འགའ་ཤས་ཀྱང་འཕྲད་ཡོད། ཡི་གེ་བསྐུར་བའི་དམིགས་ཡུལ་ནི་ནང་ས་དང་ཤང་ཀང་གི་ཚན་རྩལ་སྤེལ་རེས་ཀྱི་འགོག་རྐྱེན་སེལ་བའི་ཆེད་དུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོན་ཧྲི་དེ་དག་གི་བསམ་ཡུལ་ལས་འདས་པ་ཞིག་ལ། ཡི་གེ་འབྱོར་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲལ་དུ་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་བ་མ་ཟད་འབྲེལ་ཡོད་ལས་དོན་བཀོད་སྒྲིག་མགྱོགས་པོ་གནང་ཡོད། ཁོང་ཚོས་སྙན་ཞུ་ཕུལ་བའི་ནང་དོན་ནི་རྒྱལ་ཁབ་ཀྱི་ཚན་ཞིབ་རྣམ་གྲངས་ཀྱི་འགྲོ་གྲོན་ས་མཚམས་བརྒལ་ནས་ཤང་ཀང་གིས་བེད་སྤྱོད་གཏོང་ཆོག་པ་དང་། ཚན་ཞིབ་དཔྱད་ཆས་ནང་སར་སྐྱེལ་བའི་སྒོ་ཁྲལ་གཟིགས་སྐྱོང་སོགས་ཀྱི་གནད་དོན་འཕྲལ་མར་གཞི་རྩའི་ཆ་ནས་ཐག་གཅོད་བྱུང་ཡོད་པ་རེད། ཤང་ཀང་དུ་ཡོད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་༡༦ལ་ཐད་ཀར་རྒྱབ་སྐྱོར་ཐོབ་ཡོད་པ་དང་། འབྲེལ་ཡོད་སྡེ་ཁག་ནས་ད་དུང་རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞི་ནས་ཀང་ཨའོ་ཚན་ཞིབ་བྱེད་སྒོར་ཐད་ཀའི་རོགས་དངུལ་སྤྲོད་རྒྱུའི་ཐད་སྤྱི་ཡོངས་ནས་ལམ་ལུགས་བཀོད་སྒྲིག་བྱས་ཡོད་པ་རེད། ཁྲེན་ཆིང་ཆོན་གྱིས། དེས་ཤང་ཀང་ཚན་རྩལ་ལས་རིགས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་ཅེས་གསུངས་འདུག

སྐུལ་མ་ཆེན་པོ་ཐེབས་པ་དང་ཆབས་ཅིག་བྲེལ་འཚབ་འདུ་ཤེས་སྐྱེས་ཡོད་ཅིང་། ཁྲེན་ཆིང་ཆོན་་གྱིས་ཤང་ཀང་ནི་སྐབས་དེ་དུས་ཨ་ཤེ་ཡའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པའི་རྒྱལ་ཁབ་དང་ས་ཁུལ་བཞི་ཞེས་པའི་ནང་ཚན་རྩལ་རྐང་འཛིན་ཐོན་ལས་མ་ཡིན་པའི་དཔལ་འབྱོར་མ་ལག་ཉག་ཅིག་དེ་ཡིན། མེས་རྒྱལ་གྱི་པང་དུ་ལོག་རྗེས། ཧྲེང་ཀྲེང་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱ་རྒྱུ་དང་། གསར་གཏོད་ཚན་རྩལ་ཐོན་ལས་གོང་འཕེལ་གཏོང་བའི་གོ་སྐབས་ཤོར་ཡོད་པ་རེད། དུས་ད་ལྟའི་བར་དུ་ཤང་ཀང་གི་མཐོ་རིམ་སློབ་གྲྭའི་ཚན་ཞིབ་འགྲོ་གྲོན་ནང་ས་དང་བསྡུར་ན་ད་དུང་ཧེ་བག་ཆེན་པོ་ཡོད། འོན་ཀྱང་རྒྱལ་ཁབ་ཀྱི་གསར་སྐྲུན་སྒུལ་བྱེད་འཐབ་ཇུས་ཀྱི་རྒྱབ་ལྗོངས་ཆེན་པོའི་འོག་ཤང་ཀང་ལ་སླར་ཡང་གོ་སྐབས་གསར་པ་འཕྲད་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། དབང་འདུས།