མཚོ་དམག་གི་དམག་གཟིགས་དཔུང་སྡེའི་དཔོན་དམག་གིས་བློ་བརྟན་འགྱུར་མེད་སྒོ་ནས་ཞི་ཅིན་ཕིང་གི་སྟོབས་ཆེའི་དམག་དཔུང་དགོངས་པ་ལག་བསྟར་བྱས་ནས་འཛམ་གླིང་ཐོག་རྩེར་སོན་གྱི་མཚོ་དམག་ཁྱོན་ཡོངས་ནས་སྐྲུན་ཟིན་པ་བྱ་ཆེད་འབད་འཐབ་བྱེད་རྒྱུའི་རྣམ་པ་མགྲིན་གཅིག་ཏུ་བསྟན་པ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྷོ་རྒྱ་མཚོའི་དམག་གཟིགས་མཛད་སྒོའི་ཐོག་ནས་མི་དམངས་མཚོ་དམག་གི་རྣམ་པ་གསར་པ་མངོན་ཞིང་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་གཟིགས་དང་ལེན་ཞུ་མཁན་མཚོ་དམག་གི་དཔོན་དམག་ཁྲི་གཅིག་ལྷག་ཙམ་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་བཀའ་རྒྱ་མཐའ་གཅིག་ཏུ་ཉན་པ་དང་བློ་བརྟན་འགྱུར་མེད་སྒོ་ནས་ཞི་ཅིན་ཕིང་གི་སྟོབས་ཆེའི་དམག་དཔུང་དགོངས་པ་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་སྒོ་ནས་མཚོ་དམག་དེང་རབས་ཅན་ལ་འགྱུར་བའི་འཕེལ་རིམ་མགྱོགས་སུ་བཏང་ནས་འཛམ་གླིང་ཐོག་རྩེར་སོན་གྱི་མཚོ་དམག་ཁྱོན་ཡོངས་ནས་སྐྲུན་ཟིན་པ་བྱེད་ཆེད་འབད་འཐབ་བྱེད་རྒྱུའི་རྣམ་པ་མགྲིན་གཅིག་ཏུ་བསྟན་ཡོད་པ་རེད།

ཆུ་འོག་དཔུང་འཇུག་ཚོགས་པའི་བཀོད་འདོམས་པ། ཤར་ངོས་དམག་འཐབ་ཁུལ་མཚོ་དམག་གི་ཆུར་འཛུལ་དམག་གྲུའི་ཉིང་ལག་རུ་ཁག་ག་གེ་མོའི་རུ་དཔོན་ལིའུ་རོང་ཧྥུས། དེ་ནི་མི་དམངས་མཚོ་དམག་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་དམག་དམག་གཟིགས་ཤིག་ཡིན་ལ་དམག་གྲུ་ལས་དམག་འཐབ་ཚོགས་པའི་རུ་ཁག་གྲུབ་པའི་རྣམ་པའི་ཐོག་ནས་དམག་གཟིགས་སྒྲིག་འཛུགས་བྱས་པ་ཞིག་ཀྱང་རེད་ཅེས་བཤད་འདུག

སྔོན་ལ་དམག་གཟིགས་དང་ལེན་ཞུ་མཁན་འཐབ་ཇུས་དཔུང་འཇུག་ཚོགས་པའི་འཐབ་འཛིང་པ་ཞིག་ཡིན་པའི་ངོས་ནས་སླར་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་གཟིགས་དང་ལེན་ཞུ་རྒྱུ་བྱུང་བ་ནི་བླ་ན་མེད་པ་དང་གཟི་བརྗིད་ལྡན་པ་ཞིག་རེད། ཆུར་འཛུལ་རྟེན་གཞི་ཞིག་གི་རིམ་པ་དང་པོའི་ཅུན་ཧྲེ་ཀྲང་མ་ཞའོ་ཧུའི་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད། ལོ་ལྔའི་གོང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ཞའོ་ཧུའི་གནས་སའི་དཔུང་སྡེར་གཟིགས་ཞིབ་གནང་མྱོང་ཡོད། ད་ཆ་མ་ཞའོ་ཧུའི་དམག་གྲུའི་སྡོངས་ཆའི་ཐོག་ལངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་གཟིགས་དང་ལེན་ཞུས་ཡོད་པ་དང་མ་ཞའོ་ཧུའི་ཡིས་ཚོར་སྣང་ཟབ་མོའི་སྒོ་ནས་ངས་དུས་དང་རྣམ་པ་ཀུན་དུ་དམག་འཐབ་ཀྱི་གདོང་མཆོངས་རྣམ་པའི་ཐོག་ནས་བྱང་ཆུབ་པའི་ནུས་རྩལ་སྦྱངས་ཐོག་ནམ་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་འཛིང་པ་བཟང་པོ་ཞིག་བྱེད་རྒྱུ་ཡིན་ཞེས་བཤད་འདུག

སྤྱི་ཁྱབ་བཀོད་འདོམས་པའི་དམག་གཟིགས་དང་ལེན་ཞུ་རྒྱུ་བྱུང་བར་ལེའོ་ཉིང་དམག་གྲུ་རུ་ཁག་གི་རུ་དཔོན་ལིའུ་ཀྲེ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཡོད་པ་རེད། ང་རང་བསོད་བདེ་ཆེན་པོ་ཡིན་པའི་ཚོར་སྣང་བྱུང་བ་དང་རླབས་ཆེན་གྱི་དུས་རབས་སུ་འཚར་ལོངས་བྱུང་ཞིང་མི་དམངས་མཚོ་དམག་གི་མཆོངས་བརྒལ་རྣམ་པའི་གོང་འཕེལ་གི་དཔང་རྟགས་བྱས་པ། གནམ་གྲུ་བབ་སའི་གྲུ་གཟིགས་ཨ་མ་འཛུགས་སྐྲུན་གྱི་གལ་ཆེའི་འགག་གཏོར་ནང་ངོ་མ་ཞུགས་ཡོད་པས་ང་ཚོས་ངེས་པར་དུ་ཡང་འབད་སྐྱར་འབད་ཀྱིས་འཛམ་གླིང་ཐོག་གི་རྩེར་སོན་མཚོ་དམག་ཁྱོན་ཡོངས་ནས་སྐྲུན་ཟིན་པ་བྱེད་རྒྱུར་སྟོབས་ཤུགས་ཡོད་ཚད་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་དང་ལིའུ་ཀྲེས། དམག་གཟིགས་མཇུག་འགྲིལ་རྗེས་ལེའོ་ཉིང་རྟགས་ཅན་གྱི་དམག་གྲུ་རུ་ཁག་གིས་མཚོ་ཁོངས་གསར་པའི་ཐོག་སྐྱོད་ནས་དམག་འཐབ་དངོས་ཀྱི་ཁ་གཏད་ནང་སྦྱོང་ནང་ཞུགས་རྒྱུ་རེད་ཅེས་བཤད་འདུག

ཤ་མོན་རྟགས་ཅན་དམག་གྲུ་རུ་ཁག་ནི་གནམ་གྲུ་བབ་སའི་གྲུ་གཟིངས་ཨ་མ་དཔུང་འཇུག་ཚོགས་པའི་ཚད་གཞིའི་དམག་གྲུ་ཡིན་པ་དང་དམག་གཟིགས་མཛད་སྒོ་གཉེར་ས་དངོས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་གསུངས་བཤད་ཉན་རྗེས་དཔོན་དམག་ཡོངས་ཀྱིས་མགྲིན་གཅིག་ཏུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་གསུངས་བཤད་ནི་ དམག་དཔུང་སྟོབས་ཆེ་དང་དར་རྒྱས་གཏོང་བའི་ཚ་འདེད་འབོད་སྒྲ་ལྟ་བུ་ཡིན་པས་ངེས་པར་དུ་བློ་བརྟན་འགྱུར་མེད་སྒོ་ནས་ཏང་གི་བཀའ་ལ་ཉན་པ་དང་བློ་སྟོབས་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འགྲོ་བ། ཕུག་བསམ་དང་མོས་བརྟན་དུ་གཏོང་བ། གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ་བཅས་བྱས་ནས་ཤ་མོན་གྱི་དམག་གྲུ་རུ་ཁག་དེ་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་པའི་དམག་རྒྱག་པའི་མཚོ་ཐོག་དམག་ཧྲག་ཅིག་ཏུ་འཛུགས་སྐྱོང་བྱེད་རྒྱུ་ཡིན་ཞེས་བཤད་འདུག

ཆུར་འཛུལ་འགོག་པའི་སྐོར་གཡེངས་དམག་གྲུ་གསར་པ་ཞིག་ད་ཐེངས་དམག་གཟིགས་མཛད་སྒོའི་ཐོག་ཐེངས་དང་པོ་སྟོན་ཡོད་ཅིང་ལྷོ་རྒྱུད་དམག་འཐབ་ཁུལ་གྱི་མཚོ་དམག་མཁའ་སྐྱོད་དམག་གི་ཧྲེ་ཤོག་ག་གེ་མོའི་དམག་འཐབ་གནམ་གྲུ་གསུམ་གིས་གཞོགས་འདེགས་དམ་ཟབ་བྱས་པ་དང་གནམ་གྲུ་གཉིས་བར་བར་ཐག་སྤྱི་ཁྲེ་༥༠ལས་བརྒལ་གྱི་མེད་ཅིང་གནམ་གྲུའི་ཁ་ལོ་བས་བཀོལ་སྤྱོད་ཞིབ་ཚགས་བྱས་ནས་དུས་ཚོད་ཏག་ཏག་ལ་དམག་གཟིགས་དམག་གྲུ་བརྒྱུད་ནས་ཕྱིན་ཡོད་པ་རེད། ཧྲེ་ཀྲང་གཞོན་པ་ཁྲེན་ཀང་གིས། ང་ཚོས་གསར་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་དམག་འཐབ་སྟོབས་ཤུགས་གསར་པ་གོང་འཕེལ་མགྱོགས་སུ་བཏང་ནས་སྣེ་མང་ཅན་གྱི་དམག་དོན་ལས་འགན་བསྒྲུབ་རྒྱུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་རྒྱུ་ཡིན་ཞེས་བཤད་འདུག

ན་ནིང་ཁྲང་ཁྲུན་རྟགས་ཅན་དམག་གྲུས་རྒྱལ་ཁབ་ཉི་ཤུར་འཚམས་འདྲི་ཞུ་བར་སྐྱོད་ནས་མི་དམངས་མཚོ་དམག་གིས་ཐེངས་གཅིག་ལ་རྒྱལ་ཁབ་མང་པོར་འཚམས་འདྲི་ཞུ་མང་ཤོས་ཀྱིས་ཟིན་ཐོ་གཏོད་ཡོད་པ་རེད། ད་ཐེངས་ཀྱི་དམག་གཟིགས་དང་ལེན་ཞུས་པ་བརྒྱུད་དཔོན་དམག་ཚོར་སྤོབས་སེམས་རབ་ཏུ་སྐྱེད་པ་དང་ཚང་མས་ངེས་པར་དུ་ས་ཐག་རིང་བའི་རྒྱ་མཚོའི་ཐོག་རྒྱལ་ཁ་ལེན་པའི་འཇོན་ཐང་སྦྱངས་ཐོག་དེང་རབས་ཅན་གྱི་མཚོ་ཐོག་དམག་འཐབ་མ་ལག་སྐྲུན་རྒྱུར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།