རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་འཐུས་མིའི་བགྲོད་ལམ་ཐེངས་བཞི་པ་ཕྱེས་པ།
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༣ཉིན་གྱི་སྔ་དྲོ། འཐུས་མིའི་བགྲོད་ལམ་གྱི་བཅར་འདྲིའི་བྱེད་སྒོ་ཐེངས་བཞི་པ་སྤེལ་བ་དང་། ཀྲུའུ་ཡའོ་ཡུང་དང་། ཏའེ་ཅེ་ཧྲོང་སོགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་༩མི་དམངས་ཚོགས་ཁང་ཆེན་མོའི་ལྟེ་བའི་ཚོམས་ཆེན་གྱི་འཐུས་མིའི་བགྲོད་ལམ་དུ་ཕེབས་ནས། ཚན་རྩལ་དབུལ་སྐྱོར་དང་། སན་ཡ་ཡུལ་སྐོར། གོ་མཚོན་བཟོ་ལས་ཀྱི་བརྗེ་བསྒྱུར་རིམ་སྤར་སོགས་དོ་ཁུར་ཆེ་བའི་གླེང་གཞིའི་ཐད་དྲིས་ལན་གནང་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀྲུང་གོའི་བཟོ་བསྐྲུན་ཁང་གི་ཡོན་ཧྲི་ཀྲུའུ་ཡའོ་ཡུང་ནི་ཀྲུང་གོའི་བཟོ་བསྐྲུན་ཁང་ཡུན་ནན་དབུལ་སྐྱོར་ཡོན་ཧྲི་རིགས་གཅིག་མཁས་པའི་ལས་དོན་ས་ཚིགས་ཀྱི་ཁོངས་མི་ཞིག་ཡིན་པ་དང་། ཁོང་གིས། ཞོག་ཁོག་ཆེན་པོ་ཞིག་བཏོན་ནས། རང་ཉིད་གྲོང་ཚོར་བཅའ་བསྡོད་དབུལ་སྐྱོར་གནང་སྐབས། ཚན་རྩལ་བྱ་ཐབས་སྤྱད་ནས་དགུན་དུས་ཀྱི་བེད་མེད་ཞིང་ཁ་ནུས་ལྡན་ཞིང་ཁ་དང་དབུལ་སྒྲོལ་ཞིང་ཁར་བསྒྱུར་བའི་ཉམས་མྱོང་གླེང་ཡོད་པ་དང་།

ཁོང་གིས། ང་ཚོས་ལོ་༡༦རིང་དཔེ་སྟོན་ཞིང་ཁ་མུའུ་བརྒྱ་ཐམ་པ་ཁྱབ་གདལ་བཏང་བ་དང་། མུའུ་རེ་ནས་ཞོག་ཁོག་ཆ་སྙོམས་ཏུན་༣དང་རྒྱ་མ་༡༠༠ཐོན་སྐྱེད་བྱུང་བ་དང་། ཞོག་ཁོག་ཏུན་གཅིག་ལ་སྒོར་༣༠༠༠བྱས་ནས་བཙོངས་པ་དང་། མུའུ་གཅིག་ནས་ཞིང་པ་ཚོར་ཡོང་འབབ་སྒོར་༩༠༠༠བྱུང་ཡོད། ང་ཚོའི་དམིགས་འབེན་ནི། ཞིང་ཁ་མུའུ་གཅིག་ནས། དགུན་དུས་གཅིག་ལ། ཞིང་པར་ཡོང་འབབ་སྒོར་ཁྲི་གཅིག་ཡོང་བ་བྱས་ནས་དབུལ་ཕོངས་མི་གྲངས་གཅིག་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སན་ཡ་གྲོང་ཁྱེར་གྱི་གྲོང་སྤྱི་ཨ་ཏུང་གིས། སན་ཡ་དེ་ད་ལྟ་འཚར་ལོངས་ཡོང་བཞིན་པའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས། འཚར་ལོངས་ཁྲོད་འཕྲད་པའི་དཀའ་ཚེགས་སྣ་ཚོགས་གླེང་བ་དང་ཆབས་གཅིག སན་ཡ་དེ་ཉིད་ས་ཁང་ཐོན་ལས་ཀྱི་ལས་སྣོན་བཟོ་གྲ་ལྟ་བུར་མི་གྱུར་བ་བྱ་རྒྱུའི་བརྗིད་ཆེའི་ཁས་ལེན་གནང་ཡོད་པ་རེད།

ཨ་ཏུང་གིས། ང་ཚོས་སྐྱེ་ཁམས་ཁོར་ཡུག་བློས་གཏོང་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཡོང་རྒྱུར་རེ་བསྙེགས་བྱེད་མི་སྲིད། སན་ཡ་གྲོང་ཁྱེར་ས་ཁང་ཐོན་ལས་ཀྱི་ལས་སྣོན་བཟོ་གྲ་རྩ་བ་ནས་བྱེད་མི་སྲིད། སན་ཡ་གི་ཡུལ་སྐོར་ཞབས་ཞུའི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་གོང་མཐོར་བཏང་ནས། གཙོ་བོ་ཟ་སྡོད་འགྲོ་གསུམ་དང་། ཡུལ་སྐོར། ཟོག་ཉོ། རོལ་རྩེད་སོགས་ཀྱི་ཐད་རྒྱལ་སྤྱིའི་ལུགས་སྲོལ་དང་འབྲེལ་མཐུད་བྱེད་པ་དང་། ཡུལ་སྐོར་ཉེན་རྟོག་གི་ནུས་པ་གང་ལེགས་བཏོན་ནས། ཡུལ་སྐོར་སྒྲིག་ལམ་བརྟན་ལྷིང་ཡོང་རྒྱུ་འགན་ལེན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། ཀོང་ཏུང་དང་། ཤང་ཀང་། ཨའོ་མན་བཅས་ཀྱི་ཁུག་ཆེན་ཁུལ་གྱི་གོང་འཕེལ་འཆར་བཀོད་བཏོན་པ་དང་། ནང་ས་དང་ཤང་ཀང་། ཨའོ་མན་ཕན་ཚུན་བར་གྱི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གསལ་པོ་བཏོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་འཛུགས་ཁང་གི་གྲོས་མི་ཚུའེ་ཧྲེ་བིང་གིས། ང་ཚོ་ན་གཞོན་ཚོའི་ངོས་ནས་བཤད་ན། ཁུག་ཆེན་ཁུལ་གྱི་གོང་འཕེལ་བར་ཁམས་ཡངས་ཤིང་རྒྱ་ཆེ་བ་ཡིན་པས། ང་ཚོས་མཚོ་ས་གནས་གཉིས་ཀྱི་གཞོན་ནུའི་གསར་སྐྲུན་ལས་སྐྲུན་གྱི་མཉམ་ལས་བྱས་པ་བརྒྱུད། ལེགས་སྐྱེས་མང་ཙམ་འབུལ་ཆོག་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རིན་ཆེན་དབང་འདུས།