སྐྱེ་ཁམས་ཁོར་ཡུག་དོ་དམ་སྒྲིག་གཞི་བསྒྱུར་བཅོས་དང་འཐུས་ཚང་དུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་རོགས་ཕན་ཡོང་བ་བྱེད་པ།
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼ཚོགས་ཆེན་གཉིས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ལ་དོ་ཁུར་བྱེད་པ།༽ སྐྱེ་ཁམས་ཁོར་ཡུག་དོ་དམ་སྒྲིག་གཞི་བསྒྱུར་བཅོས་དང་འཐུས་ཚང་དུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་རོགས་ཕན་ཡོང་བ་བྱེད་པ།

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིའི་ནང། རང་བྱུང་ཐོན་ཁུངས་པུའུ་དང་། སྐྱེ་ཁམས་ཁོར་ཡུག་པུའུ་འཛུགས་རྒྱུའི་གྲོས་འཆར་བཏོན་ཡོད་པ་རེད། རིགས་གཅིག་མཁས་པས། བསྒྱུར་བཅོས་བྱ་ཐབས་དེས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་སྒྲིག་གཞི་སྔར་ལས་ལྷག་པའི་སྒོ་ནས་མཐུན་སྦྱོར་བྱུང་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རམས་འདེགས་ཡོང་རྒྱུ་ཡིན་པའི་ངོས་འཛིན་གནང་འདུག

ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་སྤྱི་པའི་དོ་དམ་སློབ་གླིང་གི་རྒྱུན་ལས་འགོ་འཛིན་གཞོན་པ་ཞུས་ཀོན་ཅན་གྱིས། སྐྱེ་ཁམས་ཁོར་ཡུག་དོ་དམ་ཐད་ཀྱི་ལས་ཁུངས་བསྒྱུར་བཅོས་ཀྱིས་རིགས་གཅིག་བྱ་དོན་གྱི་རྩ་དོན་ཐོག་སྡེ་ཁག་གཅིག་གིས་གཅིག་གྱུར་འཆར་འགོད་བྱས་ནས་འགན་འཁུར་རྒྱུ་རྒྱུན་འཁྱོངས་བྱས་ཚེ། དེ་སྔོན་རྟག་ཏུ་བརྗོད་པའི་བྱ་དོན་གཅིག་ལ་དོ་དམ་བྱེད་མང་བའི་གནད་དོན་ཡོད་པ་དང་། སྡེ་ཁག་བར་ཕན་ཚུན་ཁག་དཀྲི་བྱེད་པ། ལས་ཆོད་དམའ་བ། སྲིད་འཛིན་ཐོན་ཁུངས་འཕྲོ་བརླག་གཏོང་བ་བཅས་ཀྱི་གནས་ཚུལ་མི་ཐོན་པ་བྱེད་རྒྱུར་ཕན་ཐོགས་ཡོད།

དེ་ཡང་ཆུ་བཅོས་ལྟ་བུར་མཚོན་ན། མིག་སྔའི་གནད་སྟངས་ནི་ཁོར་ཡུག་སྲུང་སྐྱོབ་པུའུ་ནས་ས་ངོས་ཆུའི་ཁོར་ཡུག་གི་འགན་འཁུར་བ་དང་། རྒྱལ་ཁབ་ཐོན་ཁུངས་པུའུ་ནས་ས་འོག་ཆུའི་སྦགས་བཙོག་མི་ཤོར་བའི་ལྟ་སྐུལ་བྱེད་པ། ཆུ་བེད་པུའུ་ནས་བཙོག་འབུད་མདོ་ཁ་སྒྲིག་བཀོད་དོ་དམ་བྱེད་པ། ཞིང་ལས་པུའུ་ནས་ཞིང་ལས་ཐད་ཀྱི་སྦགས་བཙོག་འབྱུང་ཁུངས་ལ་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་པ། རྒྱལ་ཁབ་རྒྱ་མཚོ་ཅུས་ནས་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁུར་བ་སོགས་བྱེད་ཀྱི་ཡོད། ད་ཐེངས་བསྒྱུར་བཅོས་ཀྱིས་གོང་གསལ་འགན་ནུས་དེ་དག་ཚང་མ་སྐྱེ་ཁམས་ཁོར་ཡུག་པུའུ་ལ་གཅིག་གྱུར་བྱས་ནས། ལྟ་སྐུལ་དོ་དམ་གྱི་འགན་ནུས་ཁ་འཐོར་ཡིན་པའི་གནས་ཚུལ་ལ་འགྱུར་བ་བཏང་ཡོད་ཅེས་གསུངས་འདུག

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འགོ་འཛིན་པད་རྒྱལ་བཀྲ་ཤིས་ཀྱིས། མིག་སྔར་གཙང་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་དུས་མཚམས་སུ་སླེབས་ཡོད། དེ་ཐེངས་བསྒྱུར་བཅོས་བྱ་ཐབས་འདིས། ས་གནས་ནས་གཞུང་ཁོངས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་བྱེད་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུ། རང་བྱུང་སྐྱེ་ཁམས་བར་ཁམས་སྤྱོད་ཡུལ་དོ་དམ་ཚོད་འཛིན་བྱེད་རྒྱུ། སྐྱེ་ཁམས་ཁ་གསབ་སོགས་སྐྱེ་ཁམས་ཤེས་དཔལ་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཁྱབ་ཁོངས་ཁག་གི་ལས་དོན་དོན་འཁྱོལ་དང་གཏིང་ཟབ་ཏུ་གཏོང་རྒྱུ་དང་། མཐོ་རིམ་ཇུས་འགོད་དང་། སྤྱི་ཡོངས་འཆར་འགོད་ལ་ཤུགས་སྣོན་རྒྱབ་ནས། བསྒྱུར་བཅོས་རྣམ་གྲངས་ཁག་སྔར་བས་ལེགས་འགྱུར་དང་། མཉམ་སྡེབ། ཕན་ནུས་མཐོ་བ་བཅས་ཡོང་རྒྱུ་དང་། ས་གནས་ཀྱི་ཧུར་སེམས་དང་གསར་གཏོད་རང་བཞིན་སྐུལ་སློང་བྱེད་རྒྱུ། ས་གནས་ཀྱིས་ཡུལ་བབ་དང་བསྟུན་ནས་འཚོལ་ཞིབ་ཧུར་ཐག་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། དབང་འདུས།