ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་ཆེན་པོ་བྱུང་བ།
སྤེལ་བའི་དུས་ཚོད། : 2018-03-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༢ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་མཁན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུངས་བཤད་གལ་ཆེན་གནང་བར། འཐུས་མིའི་ཁྲོད་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས། ཏན་ཏིག་ངང་དམག་དམངས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ལྡན་གྱི་སྒུལ་ཤུགས་དང་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུའི་རྣམ་པ་བསྟན་ཡོད།

རྒྱལ་སྲུང་དང་དམག་དཔུང་གི་བསྒྱུར་བཅོས་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་བསྟུན། དམག་དཔོན་བཅའ་ཁྲིམས་དང་། དམག་ཞབས་བཅའ་ཁྲིམས། དམག་དོན་འགྲོ་གྲོན་དོ་དམ། དམག་མིའི་གླ་ཕོགས། སྡོད་ཁང་དང་སྨན་བཅོས་འགན་སྲུང་། དམག་ཞབས་འཐིམ་པའི་དམག་མིའི་དོ་དམ་འགན་ལེན་སོགས་ཀྱི་ཐོག་ནས་ཀྲུང་གོའི་དམག་དཔུང་གི་ཁྱད་ཆོས་དང་དམག་དོན་ཆེད་ལས་ཀྱི་ཁྱད་ཆོས་མངོན་ཡོད་པ་དང་། དམག་མིའི་ལས་རིགས་ཀྱི་གཟི་བརྗིད་དང་སྤོབས་སེམས་ཆེ་རུ་གཏོང་བའི་སྲིད་ཇུས་ལམ་ལུགས་དུས་ཚོད་དམ་འཛིན་གྱིས་བཟོ་བཞིན་ཡོད་པ། དེང་རབས་ཀྱི་དམག་དོན་སྲིད་ཇུས་ལམ་ལུགས་མ་ལག་མགྱོགས་མྱུར་བསྐྲུན་བཞིན་ཡོད་པ་བཅས་མངོན་ཡོད།

ཀྲུང་དབྱང་དམག་ཨུད་ཀྱི་འཐབ་ཇུས་འཆར་འགོད་གཞུང་ལས་ཁང་གི་ཀྲུའུ་རིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཧུའི་ཆིང་གིས་འདས་ཟིན་པའི་ལོ་ལྔའི་ནང་གི་དམག་དམངས་མཉམ་འདྲེས་གཏིང་ཟབ་བྱུང་བའི་ཐད་མྱོར་ཚོར་ཟབ་མོ་ཡོད་པ་སྟེ། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་མཛུབ་ཁྲིད། སྐུལ་འདེད་བཅས་བཏང་གནང་བའི་འོག དམག་དམངས་མཉམ་འདྲེས་གོང་འཕེལ་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། གལ་ཆེའི་འཆར་འགོད་དང་། གལ་ཆེའི་སྲིད་ཇུས། གལ་ཆེའི་འགྱུར་བཅོས། གལ་ཆེའི་ལས་གཞི་བཅས་རིམ་བཞིན་དོན་འཁྱོལ་བྱུང་བ་དང་། ཁྱབ་ཁོངས་ཁག་དང་ས་ཁོངས་ཁག་གི་དམག་དམངས་མཉམ་འདྲེས་རྒྱ་བསྐྱེད་གཏིང་ཟབ་བྱུང་བ། སྤྱི་ཡོངས་ལ་སྐུལ་འདེད་དང་མགྱོགས་མྱུར་གོང་འཕེལ་འགྲོ་བའི་འཕེལ་ཚུལ་བཟང་པོ་ཆགས་ཡོད་ཅེས་གསུངས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མཚོ་དམག་གི་རྟེན་གཞི་ཞིག་གི་དམག་སྤྱི་ཝང་ཙེའི་ཅེ་ཡིས། དམག་དམངས་མཉམ་འདྲེས་ཀྱི་འགག་གཏོར་ཆེ་ཤོས་དེ། མཐོ་རིམ་འཆར་འགོད་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་རྒྱུ་དང་། གསར་གཏོད་སྒྲིག་གཞི་ཟམ་མི་ཆད་པར་འཐུས་ཚང་གཏོང་རྒྱུ། རྒྱུ་ཆ་ཡོངས་དང་། ཁྱབ་ཁོངས་མང་པོ། ལས་ཆོད་མཐོ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་གོང་འཕེལ་གྱི་གནས་བབ་མགྱོགས་པོ་ཆགས་པ་བྱ་རྒྱུ་དེ་ཡིན། འགག་གནད་སེལ་བ་དང་། དཀའ་གནད་འགག་སྒྲོལ། ཚད་བཀག་ཆུང་དུ་གཏོང་བ། དམག་ནས་དམངས་ལ་བསྒྱུར་བ་དང་། དམངས་དམག་ནང་ཞུགས་པའི་མཐོ་རླབས་ཞིག་འཕྱུར་བཞིན་ཡོད་པ། དམག་དམངས་མཉམ་སྤྱོད་ཀྱི་མཐོ་གསར་ལག་རྩལ་གྲུབ་འབྲས་ཟམ་མི་ཆད་པར་ཐོན་བཞིན་ཡོད་ཅེས་གསུངས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཧུའུ་ནན་ཞིང་ཆེན་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཧྥེང་དབྱིས། སྤྱི་ཚོགས་ཡོངས་སུ་དཔའ་བོ་གོང་དུ་བསྐུར་བའི་རྣམ་པ་ཞིག་ཆགས་བཞིན་ཡོད་པ་དང་། དམག་དོན་ལ་སྣང་ཆེན་བྱེད་པའི་བསམ་པའི་ལྕགས་རི་རིང་པོ་དེ་སྲ་བརྟན་དུ་འགྲོ་ངེས་རེད་ཅེས་གསུངས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ནུབ་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་གཞོན་པ་དང་དྲག་ཇུས་དཔོན་གཅིག་ལྕོགས་རུང་ཀུའི་ཆིང་གིས། སྦྱོར་བརྡར་ཆེན་པོར་དུས་རབས་ཀྱི་ནང་དོན་དང་ལག་ལེན་དངོས་ཀྱི་མཛུབ་སྟོན་གསར་པ་ཡོད་དགོས། ནང་སྦྱོང་གི་མཚན་ཉིད་ལ་བརྩི་སྲུང་ཞུ་བ་དང་། གསར་གཏོད་ཚན་རྩལ་གྱི་སྦྱོང་བརྡར་བྱས་ནས། རྒྱལ་ཁབ་ཆེན་པོའི་དམག་དཔུང་ཞིག་སྦྱོར་བརྡར་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་ནུས་པ་ལྡན་པ་བྱ་དགོས་ཞེས་གསུངས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། གདུགས་མཆོངས་དམག་གི་ཆབ་སྲིད་ཨུ་ཡོན་ཝང་གྲེང་ནན་གྱིས། ཁྱོན་ཡོངས་ནས་དམག་གྲབ་ནུས་པ་མཐོ་རུ་བཏང་ཚེ། གཞི་ནས་དུས་རབས་གསར་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལག་བསྟར་ལེགས་པོ་བྱ་ཐུབ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ནུས་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་བསྐྲུན་ཐུབ་ཅེས་གསུངས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མེ་ཤུགས་འཕུར་མདེལ་དམག་བཟོ་བསྐྲུན་སློབ་ཆེན་གྱི་སློབ་སྤྱི་ལིའུ་ཀོང་པིན་གྱིས། དམག་དམངས་མཉམ་འདྲེས་ཐད་འགྱུར་བ་ཆེ་ཤོས་ནི། རྒྱལ་དམངས་སློབ་གསོའི་མ་ལག་གིས་དམག་དཔུང་ལ་ཕུལ་བྱུང་གི་ཤེས་ལྡན་མི་སྣ་འབོར་ཆེན་མཁོ་འདོན་བྱས་ཡོད། སྐམ་དམག་གི་ལྕགས་ཁྲབ་འཁོར་ལོ་ནས་མཚོ་དམག་གི་དམག་གྲུ། མཁའ་དམག་གི་དམག་འཐབ་གནམ་གྲུ་ནས་མེ་ཤུགས་འཕུར་མདེལ་གྱི་འཐབ་སའི་བར་གྲགས་ཅན་མཐོ་སློབ་ནས་ཐོན་པའི་སློབ་མ་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རྣམ་རྒྱལ།