ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་དང་། ཐན་ཅིན། ཧོ་པེ་སོགས་ཞིང་ཆེན་དང་གྲོང་ཁྱེར་༡༥སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་གཞིའི་དབྱེ་འབྱེད་ཇུས་གཞིར་ཆོག་མཆན་སྤྲད་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་དང་། ཐན་ཅིན། ཧོ་པེ་སོགས་ཞིང་ཆེན་དང་གྲོང་ཁྱེར་༡༥སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་གཞིའི་དབྱེ་འབྱེད་ཇུས་གཞིར་ཆོག་མཆན་སྤྲད་པ་དང་། ཞིང་ཆེན་གཞན་ཁག་གིས་ད་ལོའི་ལོ་མཇུག་གོང་འབྲེལ་ཡོད་ཀྱི་ལས་དོན་ཁག་ལེགས་སྒྲུབ་ཐུབ་པ་བྱས་ནས། རྒྱལ་ཡོངས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་གཞིའི་དཔེ་རིས་ཞིག་གྲུབ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

པེ་ཅིན་དང་། ཐན་ཅིན། ཧོ་པེ་བཅས་ས་ཆ་གསུམ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཞིང་ཆེན་༡༡ ཉིང་ཤ་ཧུད་རིགས་རང་སྐྱོང་ལྗོངས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་གཞིའི་དབྱེ་འབྱེད་ཇུས་གཞིར་གཞིགས་ན། ཞིང་ཆེན་དང་གྲོང་ཁྱེར་༡༥རྒྱལ་ཁབ་མངའ་ཁོངས་ས་ཆའི་རྒྱ་ཁྱོན་གྱི་བཞི་དཔྱ་གཅིག་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་དྲུག་འབུམ་ཆིག་ཁྲི་ཡོད་པའི་སྐྱེ་ཁམས་ནུས་པ་གལ་ཆེན་དང་། གནས་ཚུལ་ཐོན་མང་བའི་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་ས་ཁུལ་ཁག་མ་མཐའི་ཚད་གཞིའི་སྲུང་སྐྱོབ་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད། ཁོར་ཡུག་སྲུང་སྐྱོབ་པུའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་སིའི་སི་ཀྲང་གྲེང་ལིད་ཧྥེང་གིས། རང་བྱུང་སྐྱེ་ཁམས་ཀྱི་མ་མཐའི་ཚད་གཞི་ནི་མ་འོངས་པར་རྒྱལ་ཁོངས་ས་ཆའི་བར་ཐོངས་དོ་དམ་ཚོད་འཛིན་བྱེད་པའི་ཚད་ལྡན་གྱི་མཚོན་རྟགས་ཞིག་རེད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་གཞི་དབྱེ་འབྱེད་བྱས་ཟིན་རྗེས། གསར་སྤེལ་བྱ་མི་ཆོག་པའི་ཁུལ་གྱི་རྩ་དོན་ལ་གཞིགས་ནས་དོ་དམ་བྱེད་དགོས་པ་དང་། འབྲེལ་ཡོད་ཇུས་འགོད་ཁག་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་གཞིའི་རེ་བ་དང་མཐུན་དགོས་ལ། རེ་བ་དང་མི་འཚམས་པ་ཁག་ཕྲལ་དུ་ལེགས་སྒྲིག་བྱ་དགོས། དེ་མིན་ད་དུང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་གཞིར་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོའི་ལས་དོན་ཁག་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་ཡོད་པ་རེད།

མིག་སྔར། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་གཞིའི་ལྟ་སྐུལ་དོ་དམ་སྟེགས་བུ་བསྐྲུན་རྒྱུར་ཆོག་མཆན་གནང་ཟིན་པ་དང་། སྔོན་དཔག་བྱས་ན། སྤྱི་ལོ་༢༠༢༠ལོའི་ལོ་མཇུག་གི་གོང་དུ་བསྐྲུན་ཚར་རྒྱུ་ཡིན་པ་དང་། མ་འོངས་པར། ལྟ་སྐུལ་དོ་དམ་སྟེགས་བུས་སྲུང་སྐར་རྒྱང་ཚོར་གྱི་ཐབས་ལམ་དང་ས་ངོས་སྐྱེ་ཁམས་མ་ལག་ལྟ་ཞིབ་ཚད་ལེན་ས་ཚིགས་ལ་བརྟེན་ནས། གནམ་དང་ས། བར་ཁམས་བཅས་གཞི་གཅིག་ཅན་གྱི་ལྟ་སྐུལ་ཚོད་འཛིན་དྲ་བ་གྲུབ་རྒྱུ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་གཞིར་སྲུང་སྐྱོབ་ནན་པོ་བྱས་ནས། སྐྱེ་ཁམས་ནུས་པ་ཞན་དུ་མི་འགྲོ་བ་དང་། རྒྱ་ཁྱོན་ཆུང་དུ་མི་འགྲོ་བ། ངོ་བོ་མི་འགྱུར་བ་བཅས་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རིན་ཆེན་དབང་འདུས།