པེ་ཅིན་གྱི་ཉེན་རྟོག་ཕྱོགས་ནས་པེ་ཅིན་ཏཱ་དབྱོད་ཁྲང་ཚོང་གྲོང་གི་ལག་ཆ་འཁྱེར་ནས་མི་ལ་རྨས་སྐྱོན་བཏང་བའི་དོན་རྐྱེན་གྱི་བརྟག་དཔྱད་གནས་ཚུལ་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་གྱི་ཐོ་རེངས་པེ་ཅིན་གྱི་ཉེན་རྟོག་ཕྱོགས་ནས་པེ་ཅིན་གྱི་ཤི་ཏན་ཏཱ་དབྱོད་ཁྲང་ཚོང་གྲོང་གི་ལག་ཆ་འཁྱེར་ནས་མི་ལ་རྨས་སྐྱོན་བཏང་བའི་དོན་རྐྱེན་གྱི་བརྟག་དཔྱད་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད། བརྟག་དཔྱད་བྱས་པར་གཞིགས་ན། དོགས་ཡོད་ཉེས་ཅན་པ་རུས་མིང་ལ་ཀྲུའུ་ཟེར་བ་དེ་ནི་སློབ་འབྲིང་ཐོན་རྗེས་དུས་ཡུན་རིང་པོའི་ནང་ཁྱིམ་ནས་ཁ་བྲལ་བ་དང་། སྔ་རྗེས་སུ་ཧོ་ནན་དང་། ཅང་སུའུ། ཧོ་པེ་སོགས་ས་ཆ་མང་པོར་ཞོར་ལས་བྱས་ཏེ་འཚོ་བ་འཁྱོལ་ཐབས་བྱས་པ་དང་། དྲ་བའི་རོལ་རྩེད་ལ་དབྱིངས་ཞུགས་པ་ཞིག་ཡིན། ལས་ཀ་དང་འཚོ་བ་གཉིས་ཀ་ལམ་འགྲོ་མ་རྒྱུགས་པའི་རྐྱེན་གྱིས། ཞོར་ལས་བྱེད་པའི་བརྒྱུད་རིམ་ནང་ཁོ་པ་སྦྱིན་བདག་དང་འགལ་ཟླ་ཐེངས་མང་ཤོར་བ་དང་། རིམ་བཞིན་འཇིག་རྟེན་འཚོ་བར་ཞེན་པ་ལོག་ནས། སྤྱི་ཚོགས་ལ་འཁོན་ལན་སློག་པའི་བསམ་བློ་ཞིག་ཆགས་ཡོད།

སྤྱི་ཟླ་༢པའི་ཚེས་༡༡ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོ་ཙམ་ལ། པེ་ཅིན་གྲོང་ཁྱེར་གྲོང་ནུབ་ཁུལ་ཤི་ཏན་ཏཱ་དབྱོད་ཁྲེང་ཚོང་གྲོང་དུ་ལག་ཆ་འཁྱེར་ནས་མི་ལ་རྨས་སྐྱོན་བཏང་བའི་དོན་རྐྱེན་ཐོན་ཡོད་པ་དང་། མི་གཅིག་གྲོངས་པ་དང་། མི་བཅུ་གཉིས་ལ་རྨས་སྐྱོན་བཏང་བ། དོགས་ཡོད་ཉེས་ཅན་པ་རུས་མིང་ལ་ཀྲུའུ་ཟེར་བ་དེ་ནི་སྐྱེས་པ་ཡིན་ཞིང་། ད་ལོ་ལོ་སུམ་ཅུ་སོ་ལྔ་ལ་སླེབས་པ་དང་། ཕ་ཡུལ་ཧོ་ནན་ཞིང་ཆེན་ཤི་ཧྭ་རྫོང་ནས་ཡིན་པ་རེད། དོན་རྐྱེན་ཐོན་རྗེས་དོགས་ཡོད་ཉེས་ཅན་པ་ཉེན་རྟོག་པས་ས་གནས་དེ་གར་འཛིན་བཟུང་བྱས་ཡོད།

པེ་ཅིན་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ནས་འཛིན་བཟུང་བྱེད་པའི་བརྒྱུད་རིམ་ནང་རོགས་འདེགས་བྱེད་མཁན་གྱི་ཚོང་གྲོང་གི་ལས་དོན་མི་སྣ་དང་། ཟ་ཁང་གི་ལས་མི། ས་ཡུལ་དངོས་ཀྱི་མང་ཚོགས་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཉེན་རྟོག་ཕྱོགས་ནས་སྤྱི་དམངས་ཀྱིས་རང་ངོས་ཀྱི་བདེ་འཇགས་འགན་ལེན་ཐུབ་པའི་རྨང་གཞིའི་སྟེང་། བདེན་པའི་རྒྱབ་ལངས་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་སྐུལ་སློང་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།