ཕྱི་འབྲེལ་པུས་བྱང་ཁོ་རེ་ཡས་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝེན་ཙེ་ཡན་ནས་བྱང་ཁོ་རེ་ཡར་འཚམས་འདྲི་གནང་རྒྱུའི་གདན་ཞུ་གནང་བའི་ཐད་ལན་ཆ་བྱས་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བྱང་ཁོ་རེ་ཡའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་གྱིས་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝེན་ཙེ་ཡན་ནས་བྱང་ཁོ་རེ་ཡར་འཚམས་འདྲི་གནང་རྒྱུའི་གདན་ཞུ་གནང་བའི་གནས་ཚུལ་ལ་དམིགས་ནས། སྤྱི་ཚེས་༡༢ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གེང་ཧྲོང་གིས། ཕྱོགས་ཁག་གིས་མཉམ་དུ་འབད་བརྩོན་བྱས་ནས། བྱང་ཁོ་རེ་ཡ་དང་ལྷོ་ཁོ་རེ་ཡ་ཕྱོགས་གཉིས་པོས་འབྲེལ་བ་ལེགས་བཅོས་བྱེད་པའི་འབད་བརྩོན་དེ་ཕྱེད་གླིང་ཕྲན་གྱི་ཞི་བདེར་སྲུང་སྐྱོང་དང་། ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་མངོན་འགྱུར་ཡོང་བའི་ཐུན་མོང་འབད་བརྩོན་བར་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།

ཉིན་དེ་གའི་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་བྱང་ཁོ་རེ་ཡའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་གྱིས་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝེན་ཙེ་ཡན་ནས་བྱང་ཁོ་རེ་ཡར་འཚམས་འདྲི་གནང་རྒྱུའི་གདན་ཞུ་གནང་ཡོད། ཀྲུང་གོས་དེའི་ཐད་ལངས་ཕྱོགས་གང་འདྲ་འཛིན་གྱི་ཡོད་དམ་ཞེས་དྲིས་པར།

གེང་ཧྲོང་གིས། བྱང་ཁོ་རེ་ཡ་དང་ལྷོ་ཁོ་རེ་ཡ་ཕྱོགས་གཉིས་པོས་ཉེ་ཆར་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐད་སྐད་ཆ་ཤོད་རེས་དང་མཉམ་ལས་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཀྲུང་གོས་དེའི་ཐད་དགའ་བསུ་ཞུ་བ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། བྱང་ཁོ་རེ་ཡ་དང་ལྷོ་ཁོ་རེ་ཡ་མི་རིགས་གཅིག་ཡིན་པའི་ངོས་ནས། ཕན་ཚུན་འབྲེལ་བ་ལེགས་བཅོས་བྱེད་པ་དང་། ཞི་བའི་ཐག་གཅོད་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་ནི། ཕྱོགས་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། ས་ཁུལ་དེ་གའི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་ཡོད་པ་དང་།

གེང་ཧྲོང་གིས། ཕྱོགས་ཁག་གིས་མཉམ་དུ་འབད་བརྩོན་བྱས་ནས། དགུན་དུས་ཨོ་རྩལ་འགྲན་ཚོགས་རིང་གི་སྐད་ཆ་ཤོད་རེས་དེ་རྒྱུན་ལྡན་གྱི་མཚམས་ཆད་མེད་པའི་སྐད་ཆ་ཤོད་རེས་བྱེད་པའི་བར་རྒྱུན་མཐུད་བྱ་རྒྱུ་དང་། བྱང་ཁོ་རེ་ཡ་དང་ལྷོ་ཁོ་རེ་ཡའི་བར་གྱི་མཉམ་འགུལ་དེ་ཕྱོགས་ཁག་དང་ལྷག་པར་དུ་བྱང་ཁོ་རེ་ཡ་དང་ཨ་རིའི་བར་གྱི་མཉམ་འགུལ་བར་རྒྱ་ཆེར་གཏོང་རྒྱུ། ལྷོ་བྱང་ཁོ་རེ་ཡའི་འབྲེལ་བ་ལེགས་བཅོས་བྱེད་པའི་འབད་བརྩོན་དེ་ཕྱེད་གླིང་ཕྲན་གྱི་ཞི་བདེར་སྲུང་སྐྱོང་དང་། ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་མངོན་འགྱུར་ཡོང་བའི་ཐུན་མོང་འབད་བརྩོན་བར་རྒྱ་ཆེར་གཏོང་རྒྱུ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། དབང་འདུས།