ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་གུང་ཁྲན་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས། དེ་ནི་སྤྱི་ལོ༢༠༡༨ལོའི་ཟླ་བ་དང་པོའི་ཚེས་བཅུ་གསུམ་ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ་ཞིག་རེད།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་སྤྱི་ལོ༢༠༡༨ལོའི་ཟླ་བ་དང་པོའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་པེ་ཅིན་དུ་ འཚོགས་པ་དང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་༡༣༣དང་ཟུར་ཞུགས་མི་སྣ་༡༧༧་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། ལི་ཀྲན་ཧྲུའུ་དང་། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལོ་ཅིད། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲོས་ཚོགས་ལ་ཞུགས་པ་རེད།

གྲོས་ཚོགས་དེ་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་གཙོ་སྐྱོང་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས། སྤྱི་ལོ༢༠༡༨ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་དང་། བློ་མཐུན་ཀྲའོ་ལོ་ཅིད་ཀྱིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མཛུབ་ཁྲིད་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་པའི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་པ་རེད། ཚང་མས་གསུང་བཤད་དེའི་ནང་དུས་རབས་གསར་པའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་མཐོ་ཚད་ཐོག་ལངས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གི་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་ལ་རྒྱས་བཤད་གཏིང་ཟབ་གནང་ཡོད་པ་དང་། ལོ་ལྔའི་ནང་ཁྱོན་ཡོངས་ནས་ཏང་ནན་པོས་བསྐྱངས་པའི་ཉམས་མྱོང་གལ་ཆེན་ཕྱོགས་བསྡོམས་སྔར་ལས་ལྷག་པ་གནང་ཡོད་པ། ཏང་ལ་འཕྲད་པའི་ཉེན་ཁ་དང་འགྲན་རྩོད་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་གནང་ཡོད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར། བྱ་གཞག་རླབས་པོ་ཆེ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་བརྟེན་དགོས་པ་དང་། ཏང་ལ་ངེས་པར་དུ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ནམ་ཡང་ལམ་དུ་ཡོད་སྙམ་པའི་སྙིང་རུས་ཐོག་ནས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་སར་སྐུལ་སྤེལ་གཏོང་དགོས་པའི་ངོས་འཛིན་གནང་བ་དང་། གསུང་བཤད་དེ་ནི་མཐོ་སར་བཞུགས་ནས་རྒྱང་རིང་ལ་དམིགས་པ་དང་། བདེ་སྡོད་ཉེན་བསམ་ཞིག་དང་། ནང་དོན་ཕུན་སུམ་ཚོགས་ལ། གནད་ལ་འཕིགས་པ་ཞིག་ཡིན་ཞིང་། དེ་ལས་ཆོད་སེམས་དང་དད་སེམས་བརྟན་པོ་དང་། མངོན་གསལ་དོད་པའི་མི་དམངས་ཀྱི་ལང་ཕྱོགས། སྲ་ཞིང་བརྟན་པའི་བློ་སྟོབས་སྤྱོད་ཚུལ། ལོ་རྒྱུས་ཀྱི་འགན་སེམས་དྲག་པོ་བཅས་མངོན་ཞིང་། དེས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་ཡོན་རྣམས་ཀྱི་ཐོག་མའི་བསམ་འདུན་ལ་འགྱུར་བ་མི་གཏོང་བ་དང་། བློ་བརྟན་འགྱུར་མེད། རང་ངོས་གསར་བརྗེ། དཀའ་སྤྱད་འབད་འཐབ་བཅས་བྱེད་པའི་ཆབ་སྲིད་ཀྱི་སྤྱོད་ཚུལ་དང་གསར་བརྗེའི་སྙིང་སྟོབས་ལ་འགྲེལ་བཤད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། གང་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས། ཤེས་པ་དང་། གོ་བ་ལོན་པ། དོན་ཐོག་འཁྱོལ་བ་བཅས་བྱེད་དགོས་པ་དང་། བསམ་བློའི་ངོ་བོ་ཁོང་དུ་ཆུད་པ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱས་ཐོག འགན་སེམས་ཤུགས་ཆེར་གཏོང་དགོས་པ་དང་། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁག་རེ་རེ་བཞིན་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་འདུག

ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩ་དེ་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུའི་ཐོག་ཐུག་པ་དང་། འགག་རྩ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་རྒྱུ། ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཐུག་ཡོད་པ། འགག་རྩ་དེ་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་རྒྱ་ཆེ་གཏིང་ཟབ་སར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་གཏོང་རྒྱུར་ཐུག་ཡོད། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རིག་པ་དྭངས་གསལ་ཐོག་ནས་མཐོང་ཐུབ་པ་བྱེད་དགོས་ནི། མིག་སྔར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡིན་པ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ཕྱེད་ཀ་ནས་དོར་རྒྱུ་མེད་པ། ངེས་པར་དུ་ནམ་ཡང་ལམ་བར་དུ་ཡོད་སྙམ་པའི་སེམས་ཤུགས་དང་ངར་ཤུགས་ལ་བརྟེན་ནས་ནན་པོ་ཞེས་པ་དེ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱུན་བསྲིངས་ལྷོད་མེད་དང་བློ་བརྟན་འགྱུར་མེད་བྱེད་དགོས། གནད་དོན་གྱིས་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས། བསམ་བློ་ནོར་འཁྲུལ་ཅན་གྱི་འགོག་རྐྱེན་སེལ་བ་དང་། ཤུགས་ཚད་མི་ལྷོད་པ། གོམ་མཚམས་མི་འཇོག་པ། སླར་ཡང་རྡོག་ཐོན་བཅས་བྱེད་པ། རྒྱུན་འཁྱོངས་ཁྲོད་གཏིང་ཟབ་ཏུ་གཏོང་བ་དང་། གཏིང་ཟབ་ཏུ་གཏོང་བའི་ཁྲོད་གོང་འཕེལ་ཡོང་བ་བཅས་བྱས་ནས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་དེ་བས་ཆེ་བའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་ཧུར་བརྩོན་ཆེན་པོས་ཐོབ་པ་བྱེད་དགོས་ཞེས་བསྟན་འདུག

ཚང་འཛོམས་གྲོས་ཚོགས་ཐོག སྤྱི་ལོ༢༠༡༨ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ལོ་དང་པོ་དེ་ཡིན་ལ། བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བཙུགས་ཚར་བ་བྱེད་པའི་འགག་རྩའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྔ་ཕྱི་་མཐུད་པའི་འགག་རྩའི་ལོ་བཅས་ཡིན་པས། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་འགན་འཁྲི་ཧ་ཅང་ལྕི་པོ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་ངེས་པ། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་པ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་དམ་པོར་གཞིགས་པ་དང་ཤུགས་སྣོན་རྒྱག་པ། ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོབ་བྱེད་རྒྱུར་དམ་པོར་གཞིགས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་ཀྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་རྒྱུར་དམ་པོར་གཞིགས་པ། ཏང་གིས་ཏང་ལ་དོ་དམ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྒྱུན་འཁྱོངས་དང་། བརྟན་པོའི་ངང་ཡར་རྒྱས་ཡོང་བ་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཐོག ཏང་གི་སྒྲིག་ཡིག་ལག་བསྟར་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཐད་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་གྱུར་སྣེ་ཁྲིད་དང་། ཁྱོན་ཡོངས་ནས་ཏང་གི་བྱ་གཞག་ཁག་གི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རྒྱུན་བསྲིངས་ལྷོད་མེད་ངང་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ཡག་པོ་གཏོད་པ། རང་ངོས་ལྟ་སྐུལ་དང་། རང་རྟོག་ངང་ལྟ་སྐུལ་དང་ལེན་ཞུ་རྒྱུར་ཤུགས་སྣོན་རྒྱག་པ། ལྷག་བསམ་ཟོལ་མེད་དང་འགན་འཁྲི་འཁུར་བཟོད་པའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་བསྐྲུན་བཅས་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་རྒྱུར་སྲ་ཞིང་བརྟན་པའི་འགན་སྲུང་བྱེད་དགོས།

དང་པོ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་འཇོག་དགོས། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལམ་སྲོལ་ནན་པོ་བཟོས་ནས། ཏང་ནང་གི་ཆབ་སྲིད་འཚོ་བའི་གནས་སྟངས་དང་། ཏང་གི་ཆབ་སྲིད་ལམ་ཕྱོགས་སྲིད་ཇུས་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་སོགས་ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གནད་དོན་བདུན་ལ་དོགས་ཟོན་ཆེར་བསྐྱེད་བྱེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་མི་བྱེད་པ་དང་དྲང་པོ་དྲང་བཞག་མི་བྱེད་པ། ཁ་ཞེ་མི་མཐུན་པའི་མགོ་གཉིས་མ་དང་། མགོ་གཉིས་ཤོག་ཁག་མཐའ་གཅིག་ཏུ་གཙང་སེལ་བྱེད་དགོས་པ། ཆབ་སྲིད་ལང་ཕྱོགས་དང་། ཆབ་སྲིད་རྩ་དོན། ཆབ་སྲིད་འགན་སེམས། ཆབ་སྲིད་སྒྲིག་ལམ་བཅས་ལ་དམིགས་ནས། ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། མི་འདེམས་སྤྱོད་ཐད་ཀྱི་ཆབ་སྲིད་འགག་སྒོ་དང་། སྤྱོད་གཙང་འགག་སྒོ། གཟུགས་བརྙན་གྱི་འགག་སྒོ་བཅས་ནན་པོ་སྲུང་ནས། ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་ཁྱོན་ཡོངས་ནས་གཙང་དུ་གཏོང་དགོས།

གཉིས་པ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞིའི་བསྒྱུར་བཅོས་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། ཏང་གིས་གཅིག་གྱུར་བཀོད་སྒྲིག་བྱེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་པ་བཅས་ཀྱི་ལྟ་སྐུལ་མ་ལག་གྲུབ་པ་བྱས་ཐོག་སྤྱི་པའི་དབང་ཆ་བེད་སྤྱོད་བྱེད་མཁན་གྱི་མི་སྣ་ཚང་མར་ལྟ་ཞིབ་བྱེད་ཐུབ་པ་བྱ་དགོས། ལྟ་སྐུལ་དང་ཞིབ་བཤེར། ཐག་གཅོད་བཅས་བྱེད་པའི་འགན་འཁྲི་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ནུས་འབྲས་མཐོ་བའི་ལྟ་ཞིབ་ལས་དོན་གྱི་སྒྲིག་གཞི་འཚོལ་ཞིབ་བྱེད་དགོས་པ། ཁྲིམས་འཛིན་ཞིབ་བཤེར་དང་ཁྲིམས་ལྟར་བརྟག་དཔྱད་བྱ་རྒྱུ་གཅིག་གྱུར་ཐུབ་པ་བྱེད་པ། ལྟ་ཞིབ་ཚན་པ་དང་འདྲི་གཅོད་ཚན་པ། ཞིབ་བཤེར་ཚན་པ། ཁྲིམས་འཛིན་ཚན་པ་བཅས་ཀྱི་ལས་དོན་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལམ་ལུགས་ཀྱི་བཟང་ཆ་བཅོས་སྒྲིག་ཀྱི་ནུས་པར་འགྱུར་བ་བྱ་དགོས།

གསུམ་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་འཁྱོལ་བྱེད་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་ལེགས་བཅོས་བྱ་རྒྱུར་སྣེ་ཁྲིད་དགོས་པ་དང་། རྟག་ཏུ་ལས་དོན་བསྒྲུབ་པ་དང་མི་འདང་བའི་ཆ་འཚོལ་ཞིབ་བྱེད་པ། གོང་འོག་མིག་དཔེ་སྟོན་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་མགོ་མཇུག་མཐུན་པའི་ཕན་འབྲས་ཐོན་པ་བྱེད་དགོས། གཟེར་འདེབས་སྙིང་སྟོབས་དར་སྤེལ་དང་ལྷུ་ཚིགས་རེ་རེ་བརྟན་སྲུང་བྱེད་པ། སྤྱོད་ཚུལ་ངན་པ་བཞིའི་གནད་དོན་གྱི་མངོན་ཚུལ་གསར་པ་དང་ཁ་ཕྱོགས་གསར་པར་དོ་ཁུར་བྱེད་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐད་ལས་དོན་བསྒྲུབ་པ་བཅས་བྱས་ནས་ཁ་བཤད་དོན་འཁྱོལ་བྱ་རྒྱུར་ཧེ་བག་ཤོར་བའི་ཐད་འགན་འཁྲི་རྩད་གཅོད་བྱ་དགོས། དམིགས་གསལ་དབང་ཆའི་བསམ་བློ་དང་དམིགས་གསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་ཅིག་ཏུ་བྱེད་དགོས་པ་དང་སློབ་གསོའི་ཐོག་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མང་ཚོགས་ཀྱི་ཆེད་དུ་བསམ་བློ་མང་ཙམ་གཏོང་རྒྱུར་འཁྲིད་སྟོན་བྱེད་དགོས་པ། རང་ཉིད་ལ་དོ་ནན་ཙམ་དང་ཁྱིམ་ཚང་སྤྱོད་པར་དོ་ཁུར་མང་ཙམ་བྱ་དགོས།

བཞི་པ། སྐོར་ཞིབ་གྱི་རལ་གྲིའི་ནུས་པ་དེ་བས་ཤུགས་ཆེ་ཙམ་ཐོན་པ་བྱ་དགོས། ཀྲུང་དབྱང་སྐོར་ཞིབ་ལས་དོན་གྱི་འཆར་འགོད་བཟོས་ནས་སྐོར་ཞིབ་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར་དང་། ཆབ་སྲིད་འཛུགས་སྐྱོང་གིས་གཙོ་བོ་བྱས་ཏེ་ཆབ་སྲིད་སྐོར་ཞིབ་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་དགོས་པ་དང་། རྒྱུན་ཏན་གྱི་སྐོར་ཞིར་ལ་གཅིག་གྱུར་བཀོད་སྒྲིག་དང་། ཆེད་དོན་སྐོར་ཞིབ་གཏིང་ཟབ་ཏུ་གཏོང་བ། སྟབས་བསྟུན་རང་བཞིན་གྱི་སྐོར་ཞིབ་ཤུགས་ཆེར་གཏོང་བ། སྐོར་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་བེད་སྤྱོད་བྱེད་པ། བཅོས་སྒྲིག་བྱས་པའི་གནད་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། ཁྱོན་ཡོངས་ལ་ཁྱབ་པར་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། སྐོར་ཞིབ་ལས་དོན་གཏིང་ཟབ་སྤེལ་ནས་སྐོར་ཞིབ་ལས་དོན་ཐད་གོང་འོག་མཉམ་འགུལ་ཐུབ་པའི་ལྟ་སྐུལ་དྲ་བ་འཛུགས་དགོས།

ལྔ་པ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྒྱུན་ཏན་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོའི་བྱེད་སྒོ་སྤེལ་ནས་སྔོན་ཐོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་དང་ལྡོག་ཕྱོགས་དཔེ་སྟོན་གྱི་ཉེན་ཟོན་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་དགོས། གོང་འོག་མཐུན་སྦྱོར་དང་ནད་བརྟག་སྨན་བཅོས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ལྟ་སྐུལ་ཁྲིམས་འཛིན་གྱི་སྣང་ཚུལ་བཞི་བཀོལ་སྤྱོད་གཏིང་ཟབ་བྱེད་པ། རྒྱུན་ཏན་གྱི་ལྟ་སྐུལ་ཁྲིམས་འཛིན་བྱེད་ཤུགས་ཤུགས་ཆེར་གཏོང་བ། དམིགས་བཙུགས་རང་བཞིན་ལྡན་པའི་སྒོ་ནས་སྒྲིག་གཞི་དང་ལམ་ལུགས་གཏོད་པ་བཅས་བྱས་ཏེ་ལམ་ལུགས་དེ་བས་ཚགས་དམ་པ་དང་འཐུས་སྒོ་ཚང་བ་ཡོང་བ་བྱེད་དགོས།

དྲུག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དྲག་སྣོན་རང་བཞིན་སྲ་བརྟན་དང་གོང་འཕེལ་གཏོང་དགོས། འཛེམ་ཁུལ་མེད་པ་དང་ཁྱོན་ཡོངས་ལ་ཁྱབ་པ། བཟོད་སྒོམ་མེད་པ་བཅས་རྒྱུན་འཁྱོངས་དང་གཏན་འགོག་བྱ་རྒྱུ་གཙོ་བོར་འཛིན་པ་དང་། མཐོ་སྣོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཡུན་རིང་ཟིལ་གནོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ལྐོག་རྔན་ལེན་པ་དང་ལྐོག་རྔན་སྤྲོད་མཁན་མཉམ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་དང་གོ་རིམ་གནད་ལ་འཕིགས་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ད་དུང་ངོ་ཚ་ཁྲེལ་མེད་ཀྱིས་རུལ་སུངས་བྱེད་མཁན་འགོ་ཁྲིད་ལས་བྱེད་པར་རྡུང་རྡེག་གཏོང་དགོས་པ་དང་། ཆབ་སྲིད་གནད་དོན་དང་དཔལ་འབྱོར་གནད་དོན་གྱི་ཁེ་ཕན་མཉམ་དུ་འདྲེས་པའི་རུལ་སུངས་གྱོད་གཞིར་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་དང་། མི་སྣ་འདེམས་པ་དང་བཀོལ་སྤྱོད་བྱེད་པ། ཞིབ་མཆན་འགོད་རྒྱུར་ལྟ་སྐུལ་དོ་དམ་བྱེད་པ། ཐོན་ཁུངས་གསར་སྤེལ། དངུལ་རྩའི་ཡིད་རྟོན་དངུལ་བུན་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་བརྒྱུད་རིམ་གྱི་རུལ་སུངས་གནད་དོན་ལ་ཐག་གཅོད་ནུས་ལྡན་བྱེད་དགོས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་རྒྱལ་སྤྱི་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། རྩ་ལག་མཉམ་བཅོས་བྱ་རྒྱུར་མཐོང་ཆེན་བྱེད་པ་བཅས་བྱས་ནས། རུལ་སུངས་བྱེད་མ་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་ཀྱི་སྒྲིག་གཞི་གཏོད་དགོས།

བདུན་པ། མང་ཚོགས་ཉེ་འཁོར་གྱི་རུལ་སུངས་གནད་དོན་མཐའ་ཅིག་ཏུ་བཅོས་སྒྲིག་བྱེད་དགོས། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་གཞིགས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་མངགས་བཅོས་སྒྲིག་བྱེད་དགོས། གཞི་རིམ་རུལ་སུངས་གནད་དོན་བཅོས་སྒྲིག་བྱ་རྒྱུ་དང་སྟོབས་ཤུགས་ངན་པ་གཙང་སེལ་བྱ་རྒྱུ་ཟུང་སྦྲེལ་གྱིས་སྟོབས་ཤུགས་ངན་པར་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་མཁན་ཞིབ་བཤེར་མཐའ་ཅིག་ཏུ་བྱེད་དགོས། མང་ཚོགས་ཀྱིས་ལན་ཆ་དྲག་པོ་བྱེད་པའི་གནད་དོན་ལ་གཞིགས་ནས་གཅིག་བསྡུས་ཐོག་བཅོས་སྒྲིག་དང་ལྟ་སྐུལ་ཞིབ་བཤེར་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ཏེ། སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་ཕྱོགས་ཡོངས་ལ་ཁྱབ་པ་བྱེད་དགོས།

བརྒྱད་པ། སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཁོངས་གཏོགས་ས་ཁུལ་དང་ཚན་པའི་ཏང་རྩ་བཙུགས་ཀྱིས་སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་འགན་འཁྲིའི་གནས་ཚུལ་ཐད་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་འགན་འཁྲི་རྩད་གཅོད་བྱེད་པའི་རལ་གྲི་བེད་སྤྱོད་ཡག་པོ་བྱས་ཏེ། འགན་འཛོལ་བྱུང་ན་ངེས་པར་དུ་རྩད་གཅོད་བྱེད་པ་དང་། འགན་འཁྲི་རྩད་གཅོད་བྱས་ཕྱིན་ནན་པོ་བྱེད་དགོས། གོང་རིམ་སྒྲིག་བཤེར་ཨུ་ལྷན་ནས་འོག་རིམ་སྒྲིག་བཤེར་ཨུ་ལྷན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ས་གནས་སྒྲིག་བཤེར་ཨུ་ལྷན་གྱི་མངག་གཏོང་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་འགན་འཁྲི་ཤུགས་ཆེར་གཏོང་བ་བཅས་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ཕྱོགས་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་ཆེན་ཐོག ཕ་རོལ་རྡུང་བར་རང་ཉིད་གྱོང་པོ་དགོས་ཞེས་པའི་དཔེ་ལྟར། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ཚན་པ་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་བློ་དཀར་ཟོལ་མེད་དང་། འགན་འཁྲི་ཁུར་ཕོད་པ། སྒྲིག་ཁྲིམས་སྲུང་བརྩི། སྤྱོད་གཙང་གཞུང་དྲང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་དང་བླ་ན་མེད་པའི་བརྩེ་སེམས་རྒྱུན་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་དང་། འགན་འཁྲིར་བློ་དཀར། འགན་འཁྲི་ལག་བསྟར་བཅས་རྒྱུན་འཁྱོངས་བྱེད་དགོས། སྐྱིད་པའི་དུས་སུ་ཉེན་ཁ་མ་བརྗེད་པར་ཉེན་ཟོན་འདུ་ཤེས་ཆེ་རུ་གཏོང་དགོས་པ་དང་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་ཁུར་ཕོད་པའི་སྙིང་སྟོབས་དར་སྤེལ་གཏོང་བ། འགན་འཁྲི་ཁུར་བའི་ནུས་པ་ཆེ་རུ་གཏོང་བ། རང་སོའི་ལྟ་སྐུལ་དང་རང་བཅུན་ནུས་པ་ཤུགས་ཆེར་གཏོང་བ། དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཐེག་ཤུགས་དང་གསོན་ཤུགས་རྒྱུན་འཁྱོངས་དང་། ལས་དོན་དང་སྲིད་ཇུས། བྱ་ཐབས་བཅས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན། སྔོན་མཐོང་རང་བཞིན་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཐོག ཏང་དང་མི་དམངས་ཀྱིས་གནང་བའི་གཟི་བརྗིད་ལྡན་པའི་འོས་འགན་ཡག་པོ་འཁུར་བ་དང་ཏང་དང་མི་དམངས་ཀྱིས་གནང་བའི་དབང་ཆ་གང་བྱུང་དུ་མི་སྤྱོད་པ་དང་། ངལ་པ་ཚར་བཅད་དང་བཟང་པོ་སྐྱོང་བའི་རལ་གྲིའི་ནུས་པ་ནམ་ཡང་མི་ཤོར་བའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

ཚོགས་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ཏུ་དམ་པོར་གཞིགས་ནས་སྒེར་སེམས་སྤུ་ཙམ་མེད་པར་ཡར་འབད་བསྐྱར་འབད་བྱེད་དགོས་པ་དང་། སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ནུས་འབྲས་གསར་པ་ཐོབ་པ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་དང་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་རྒྱུར་ལེགས་སྐྱེས་གསར་པ་དེ་བས་མང་བ་འབུལ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བྱམས་པ་ཚེ་རིང་།