པེ་ཅིན་དང་ཐན་ཅིན་ཧོ་པེ་བཅས་དང་དེའི་ཉེ་འཁོར་དུ་སྦགས་བཙོག་གནམ་གཤིས་བསྟན་པ་དང་ས་གནས་ཁག་གིས་ཐབས་བརྒྱ་ཇུས་སྟོང་གིས་སྦགས་བཙོག་བཀག་འགོག་བྱེད་པ།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་གཉིས་ཉིན་གྱི་དགོང་མོ་ནས་བཟུང་རང་རྒྱལ་གྱི་ཧྭ་བྱང་ས་ཁུལ་གྱི་དབུས་ནུབ་རྒྱུད་སོགས་ས་ཁུལ་དུ་སྨུག་རྡུལ་ཆུང་བ་ནས་འབྲིང་བ་ལྡང་བ་དང་། ས་ཆ་ལ་ལར་སྨུག་རྡུལ་ཆེན་པོ་ལྡང་ཡོད་པ་རེད། ཁོར་ཡུག་སྲུང་སྐྱོབ་པུའུ་ནས་པེ་ཅིན་དང་། ཐན་ཅིན། ཧོ་པེ། ཧྲན་ཏུང་། ཧྲན་ཤིའི་སོགས་ས་ཁུལ་དུ་སྦགས་བཙོག་ཚབས་ཆེན་གྱི་གནམ་གཤིས་ཀྱི་ལྟ་སྐུལ་བསྐོར་ཞིབ་ལས་དོན་གྱི་སྤྱི་ལོ༢༠༡༨ལོའི་བཀའ་རྒྱ་ཨང་དང་པོ་བཏང་བ་རེད། རྒྱལ་ཡོངས་ས་ཆ་མང་པོས་དེ་དང་རིམ་པ་འཚམས་པའི་སྔོན་བརྡ་བཏང་བ་དང་། དེ་ལྟར་སྦགས་བཙོག་ཚབས་ཆེན་གྱི་གནམ་གཤིས་ལ་ཁ་གཏད་གཅོག་པའི་ལས་དོན་ཏན་ཏིག་གིས་སྒྲུབ་ཡོད་པ་རེད།

ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་ཚབས་ཆེའི་སྦགས་བཙོག་གནམ་གཤིས་བསྟན་སྐབས་ཀྱི་ས་ཁོངས་འཕྲལ་སྒྲུབ་མཉམ་འགུལ་བླང་བྱ་ལྟར། པེ་ཅིན་དང་ཐན་ཅིན་སོགས་ས་ཁུལ་གྱིས་ཚབས་ཆེའི་སྦགས་བཙོག་གི་སྔོན་བརྡ་བཏང་བ་མ་ཟད། སྤྱི་ཚེས་བཅུ་གསུམ་ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་རིམ་པ་གཉིས་པའི་འཕྲལ་སྒྲུབ་ལན་ཆ་བྱས་ཡོད་པ་རེད། དེ་དག་ཁྲོད་ཐན་ཅིན་གྱི་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་སྡེ་ཁག་གིས་ཉིན་གཅིག་ལ་གྲོས་བསྡུར་ཐེངས་བཞི་བྱེད་པ་དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཐད་ཀྱི་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་བྱེད་པའི་སྟེགས་བུ་བརྒྱུད་ཁེ་ལས་ལ་གཙང་ཐོ་ཅན་གྱི་དོ་དམ་བྱེད་པ་དང་གནད་འཕིགས་ཅན་གྱི་བཙོག་སེལ་བྱེད་བཞིན་ཡོད་པ་རེད།

ཧོ་པེའི་ཧྲེ་ཅ་ཀྲོང་གྲོང་ཁྱེར་དུ་སྤྱི་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་རླུང་ཁམས་ཆེན་མོར་སྦགས་བཙོག་ཚབས་ཆེན་ཕོག་པའི་རིམ་པ་གཉིས་པའི་འཕྲལ་སྒྲུབ་ལན་ཆ་བྱས་པ་དང་། ཧྲེ་ཅ་ཀྲོང་གི་ཨར་འདམ་ཁེ་ལས་ཆེ་ཤོས་ཅིན་གཡུས་ཏིང་ཤིན་ཚད་ཡོད་ཀུང་སིའི་ཁོར་སྲུང་ནུས་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའི་ཀྲེ་ཡུང་གིས་གསར་འགོད་པར། སྤྱི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་ནས་བཟུང་ཐོན་སྐྱེད་མཚམས་འཇོག་བྱེད་དགོས་པའི་བརྡ་ཐོ་འབྱོར་བྱུང་བས། ཁེ་ལས་ནས་ལམ་སེང་ལག་བསྟར་བྱས་པ་ཡིན་ཞེས་གསུངས་འདུག

ཧོ་ནན་ཀྲན་ཀྲའུ་ཡིས་ཀྱང་ད་ལོའི་རླུང་ཁམས་ཆེན་མོར་སྦགས་བཙོག་ཕོག་པའི་ཉེན་བརྡ་རིམ་པ་གཉིས་པ་བཏང་བ་དང་། བཟོ་ལས་དང་ཁེ་ལས་ཀྱི་བཙོག་བཤངས་ཉུང་གཏོང་གི་གསལ་ཐོ་བཟོས་པ་མ་ཟད། འབྲེལ་ཡོད་ཁེ་ལས་སྡེ་ཚན་ནས་བྱ་ཐབས་དོན་འཁྱོལ་གནས་ཚུལ་ལ་ཞིབ་བཤེར་ཆེན་མོ་བྱས་ཡོད་པ་རེད།

ཧྲན་ཤིའི་རུ་ཏའུ་ཐུང་གྲོང་ཁྱེར་ཕུད་པའི་ཧྲན་ཤི་ཡི་ས་ཆ་ཁག་ཏུ་རིམ་པ་གཉིས་པ་ལས་མི་དམའ་བའི་བཙོག་བཤངས་ཉུང་གཏོང་གི་འཕྲལ་སྒྲུབ་བྱ་ཐབས་སྤྱོད་རྒྱུ་དང་། གཡུན་གྲེང་སོགས་ས་ཁུལ་དུ་རླངས་འཁོར་ཨང་གྲངས་ཆ་གྲངས་དང་ཡ་གྲངས་རེས་མོས་ཀྱིས་གཏོང་བའི་འགྲིམ་འགྲུལ་དམ་དོམ་བྱས་པ་རེད། ཅིན་གྲེང་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གིས་བབ་བསྟུན་སློབ་ཁྲིད་བྱེད་པ་དང་། སློབ་ཁང་གི་ཕྱི་རོལ་གྱི་སློབ་ཁྲིད་བྱེད་སྒོ་མཚམས་བཞག་ཡོད་པ་རེད།

རྒྱལ་ཁབ་གནམ་གཤིས་ལྟེ་གནས་གནམ་གཤིས་བརྟག་ཞིབ་ཚད་ལེན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་གནང་བར། ཟླ་བ་དང་པོའི་ཟླ་མཇུག་ཏུ་པེ་ཅིན་དང་ཐན་ཅིན་ཧོ་པེ་བཅས་དང་དེ་དག་གི་ཉེ་འཁོར་ས་ཁུལ་དུ་སྦགས་བཙོག་གནམ་གཤིས་བསྟན་ཚད་མང་དུ་འགྲོ་བཟོ་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱལ་པོ།