ན་ནིང་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་བཅུ་བཞི་དང་གྲངས་ཆུང་གཉིས་འཕར་ནས་ལོ་གཉིས་བསྟུད་མར་ཆགས་པའི་སྣང་ཚུལ་ཇེ་ལེགས་སུ་སོང་ཡོད།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་གཉིས་ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། སྤྱི་ལོ་༢༠༡༧ལོར་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་ཉོ་ཚོང་སྤྱི་འབོར་དེ་མ་དངུལ་སྒོར་དུང་ཕྱུར་ཁྲི་ཉིས་ཤུ་རྩ་བདུན་དང་བདུན་སྟོང་དགུ་བརྒྱ་ཟིན་པ་དེ་སྤྱི་ལོ་༢༠༡༦ལོ་ལས་བརྒྱ་ཆ་བཅུ་བཞི་དང་གྲངས་ཆུང་གཉིས་འཕར་ནས་ལོ་གཉིས་བསྟུད་མར་ཆགས་པའི་སྣང་ཚུལ་ཇེ་ལེགས་སུ་སོང་ཡོད།

འགག་སྒོ་སྤྱི་ཁྱབ་ཧྲུའི་གསར་འགྱུར་མགྲིན་ཚབ་པ་ཧོང་སུང་ཕིང་གིས། སྤྱི་ལོ་༢༠༡༧ལོར་འཛམ་གླིང་དཔལ་འབྱོར་སླར་གསོ་བྱུང་ནས་ཕྱི་ཡུལ་གྱི་དགོས་མཁོ་ཤུགས་ཆེར་སོང་བ་དང་དེ་བཞིན་རྒྱལ་ནང་གི་དཔལ་འབྱོར་བརྟན་པོའི་ཁྲོད་ལེགས་སུ་སོང་བ་དེས་ནང་འདྲེན་བྱེད་ཚད་འཕར་སྣོན་ཡོང་རྒྱུར་རྨང་གཞི་ཡག་པོ་ཞིག་གཏིང་ཡོད། སྤྱི་ལོ་༢༠༡༧ལོར་རང་རྒྱལ་དང་རྒྱུད་གཅིག་ལམ་གཅིག་གི་ལམ་རྒྱུད་རྒྱལ་ཁབ་བར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྒྱ་ཆ་བཅུ་བདུན་དང་གྲངས་ཆུང་བརྒྱད་ཟིན་པ་དང་། དུས་མཚམས་འདིའི་རིང་རང་རྒྱལ་དང་ལ་ཏིང་ཨེ་མེ་རི་ཁའི་རྒྱལ་ཁབ་བར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྒྱ་ཆ་ཉི་ཤུ་རྩ་གཉིས་ཟིན་པ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྒྱ་ཆ་བཅུ་བདུན་དང་གྲངས་ཆུང་གསུམ་ཟིན་པ་བཅས་བྱུང་ནས་གསར་དར་ཁྲོམ་ར་རྒྱ་བསྐྱེད་གཏོང་རྒྱུར་ཕན་འབྲས་ཆེན་པོ་ཐོན་ཡོད་ཅེས་དང་། ཧོང་སུང་ཕིང་གིས། སྤྱི་ལོ་༢༠༡༨ལོར་འཛམ་གླིང་དཔལ་འབྱོར་མུ་མཐུད་སླར་གསོ་ཡོང་རྒྱུ་དང་རང་རྒྱལ་གྱི་དཔལ་འབྱོར་ཀྱང་མུ་མཐུད་བརྟན་པོའི་ཁྲོད་ལེགས་སུ་འགྲོ་རྒྱུ་ཡིན་པས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་ཐད་ཕན་ཐོག་ཡོད། འོན་ཀྱང་། རང་རྒྱལ་གྱི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ལ་ངེས་གཏན་མེད་པའི་རྒྱུ་རྐྱེན་སྔར་བཞིན་གནས་མུས་ཡིན་པས་ སྤུས་ཚད་མཐོ་བའི་ཕྱི་ཕྱོགས་ཉོ་ཚོང་གོང་འཕེལ་གཏོང་རྒྱུར་འགྲན་རྩོད་མང་པོ་འཕྲད་སྲིད། དེ་ཡང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཁག་ཅིག་གིས་ངལ་རྩོལ་ནུས་ཤུགས་དང་ས་ཆ་སོགས་མ་གནས་དམའ་བའི་བཟང་ཆར་བརྟེན་ནས་ཆུ་ཚད་འབྲིང་ཆུངགི་བཟོ་བསྐྲུན་ལས་རིགས་གོང་འཕེལ་གཏོང་སྲིད། དེས་རང་རྒྱལ་གྱི་སྲོལ་རྒྱུན་བཟང་ཆའི་ཐོན་རྫས་ལ་འགྲན་རྩོད་ཕོག་སྲིད། བཟོ་བསྐྲུན་ལས་རིགས་ཀྱི་འགྲན་རྩོད་ཀྱང་གོ་ལའི་ཁྱབ་ཁོངས་སུ་སྔར་བས་རྫ་དྲག་ཏུ་འགྲོ་སྲིད། འཛམ་གླིང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱང་སྔར་བཞིན་ཤུགས་ཆེར་འགྲོ་སྲིད། མིག་སྔར་རང་རྒྱལ་གྱི་ཐོན་རྫས་ལ་ཉོ་ཚོང་བརྟག་དཔྱད་མང་པོ་ཕོག་རུང་ཆུ་ཚད་ལོ་དེ་དག་རིང་གི་མཐོ་ཤོས་སུ་གནས་ཡོད་ཅེས་གསུངས་ཡོད།

གཞན་ཡང་། སྤྱི་ལོ་༢༠༡༧ལོའི་གཞི་གྲངས་ཆེན་པོ་ཡོད་པས་ཧོང་སུང་ཕིང་གིས་བལྟས་ན། སྤྱི་ལོ་༢༠༡༨ལོར་ཕྱི་ཕྱོགས་ཉོ་ཚོང་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་སྣོན་འགྲོ་ཁག་པོ་རེད། སྤྱི་ལོ་༢༠༡༨ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྔར་བཞིན་འཕར་སྲིད་ལ་སྤུས་ཚད་ཕན་འབྲས་ཀྱང་སྔར་བས་མཐོ་རུ་འགྲོ་སྲིད་པའི་ངོས་འཛིན་གནང་གི་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བྱམས་པ་ཚེ་རིང་།