ཁྱོན་ཡོངས་ནས་ཏང་ནན་སྐྱོང་བསྐྱར་དུ་འགོ་འཛུགས་རྒྱུ།
སྤེལ་བའི་དུས་ཚོད། : 2018-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ལོ༢༠༡༨ལོ་འཆར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་བསྡུར་འཛིན་གྲྭའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། སྔར་རྒྱུན་བཞིན་ཏང་གི་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པར་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་པ་དང་། དུས་རབས་གསར་པའི་ནང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐུལ་སློང་བཀའ་རྒྱ་བསྒྲགས་གནང་ཡོད།

ད་ལོའི་ཟླ་བ་དང་པོའི་ཚེས་གསུམ་ཉིན་ཀྲུང་དབྱང་སྒྲིག་ཨུད་ཀྱིས་བརྡ་ཁྱབ་བཏང་བའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་འགན་འཁྲི་བདའ་འདེད་ཀྱི་གྱོད་དཔེ་ཞིག་ལ་མི་རྣམས་དོ་སྣང་ཆེན་པོ་བྱུང་ཡོད། དེ་ཡང་ཧོ་པེ་ཀྲང་ཅ་གའུ་གྲོངཁྱེར་གྱི་དབུལ་སྐྱོར་ཁྱབ་ཁོངས་ནང་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་མངོན་གསལ་དོད་པོ་ཡོད་པའི་རྐྱེན་གྱིས། གྲོང་ཨུད་ཧྲུའུ་ཅི་དང་གྲོང་སྤྱི་སོགས་ཚུད་པའི་འགོ་ཁྲིད་ལས་བྱེད་པ་བཅུ་གཅིག་ལ་ཡོངས་བསྒྲགས་ཐོག་འགན་འཁྲི་བདའ་འདེད་བྱས་པ་དང་། ཝི་རྫོང་དང་ཁང་སྦའོ་རྫོང་གཉིས་ཀྱི་རྫོང་ཨུད་ཧྲུའུ་ཅི་དང་། རྫོང་སྒྲིག་ཨུད་ཧྲུའུ་ཅི་དང་། རྫོང་དཔོན་གཅིག་བཅས་གནས་དབྱུང་བཏང་བ་རེད།

མི་རིང་བའི་གོང་ཀྲུང་དབྱང་སྒྲིག་ཨུད་ཀྱིས་བརྡ་ཐོ་བཏང་ནས། སྤྱི་ལོ༢༠༡༨ལོ་ནས་བཟུང་བསྟུད་མར་ལོ་གསུམ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་རྒྱུ་དང་། སྤྱི་ལོ༢༠༢༠ལོར་དབུལ་སྐྱོར་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་རྒྱུའི་ཐག་བཅད་པ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པ་མཇུག་སྒྲིལ་ནས་རིང་པོར་མ་སོང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་མངོན་ཚུལ་གསར་པར་དོ་སྣང་བྱེད་དགོས་ཞེས་པའི་དཔྱད་གཞི་ཞིག་ལ་མཛུབ་སྟོན་གནང་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་ཚུལ་གསར་པ་བཅུ་ལ་དམིགས་ནས། སྤྱོར་ཚུལ་ངན་པ་བཞི་ཡོ་བསྲང་མཚམས་འཇོག་མི་རུང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ལམ་དུ་ཡོད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།

སྤྱི་ལོ༢༠༡༨ལོའི་ཟླ་བ་དང་པོའི་ཚེས་ལྔ་ཉིན། གསར་དུ་བདམས་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་རྣམས་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་དང་། ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་གཏོང་བའི་རྒྱུ་རྐྱེན་སྣ་ཚོགས་ལ་ཉེན་ཁའི་རང་བཞིན་དང་གཏོར་བཤིག་རང་བཞིན་ཆེན་པོ་ཡོད་ཅེས་བཀའ་སློབ་གནང་ཡོད། ཆབས་ཅིག་མཐོ་རིམ་འགོ་ཁྲིད་ལས་བྱེད་པར་ཆོད་སེམས་ཚད་ལོན་པ་དང་། འགན་འཁྲི་ཚད་ལོན་པ། འཇོན་ཐང་ཚད་ལོན་པ། སྤྱོད་ཚུལ་ཚད་ལོན་པ་བཅས་ཚད་ལོན་ལྔ་ཡི་བླང་བྱ་བཏོན་གནང་ཡོད།

གཞི་ཁྱོན་དང་གཏིང་ཚད་སྔ་ན་མེད་པའི་རུལ་རྒོལ་འཐབ་རྩོད་འགོ་བཙུགས་པ་དང་། ལོ་ལྔའི་ནང་ཞིང་ཆེན་དང་ཅུན་རིམ་པ་ཡུན་གྱི་ཏང་ཡོན་ལས་བྱེད་པ་དང་དེ་མིན་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་དོ་དམ་བྱེད་པའི་ལས་བྱེད་པ་༤༤༠ཡོ་གྱོད་གཞི་ཐོ་འགོད་ཞིབ་བཤེར་བྱས་པ་དང་། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི་ཁག་ས་ཡ་གཅིག་དང་ལྔ་འབུམ་བཞི་ཁྲི་ལྔ་སྟོང་ཞིབ་བཤེར་ཐག་གཅོད་བྱས་པ། མི་ས་ཡ་གཅིག་དང་ལྔ་འབུམ་སུམ་ཁྲི་བདུན་སྟོང་ལ་ཆད་པ་བཅད་ཡོད་པ་རེད།

ཉེ་བའི་ལོ་ཤས་ནང་ཤུགས་དྲག་ཆེ་ཤོས་ཀྱི་འགན་འཁྲི་བདའ་འདེད་དྲག་རླུང་ལྡང་བ་དང་། སྤྱི་ལོ༢༠༡༤ལོའི་ཟླ་བ་དང་པོ་ནས་༢༠༡༧ལོའི་ཟླ་བ་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་སྡེ་ཚན་གྱི་ཏང་ཨུད་དང་། ཏང་སྤྱི་ཁྱབ་ཀྲེ་པུའུ། ཏང་ཀྲེ་པུའུ་བཅས་དྲུག་སྟོང་ཆིག་བརྒྱ་དང་། སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་སྒྲིག་བཤེར་ཚོ་ཆུང་སུམ་བརྒྱ་ལྷག་ཙམ། འགོ་ཁྲིད་ལས་བྱེད་པ་དྲུག་ཁྲི་ལྷག་ཙམ་གྱི་འགན་འཁྲི་བདའ་འདེད་བྱས་ཡོད།

གསར་དུ་དམངས་འདོད་བརྟག་དཔྱད་བྱས་པ་ལས་གསལ་བར། མི་དམངས་མང་ཚོགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཚིམ་པོ་བྱེད་ཚད་དེ་སྤྱི་ལོ༢༠༡༢ལོའི་བརྒྱ་ཆ་བདུན་བཅུ་དོན་ལྔ་ནས་སྤྱི་ལོ༢༠༡༧ལོའི་བརྒྱ་ཆ་དགུ་བཅུ་གོ་གསུམ་དང་གྲངས་ཆུང་དགུར་འཕར་བ་དང་། བརྒྱ་ཆའི་གནས་བཅོ་བརྒྱད་དང་གྲངས་ཆུང་དགུ་འཕར་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་ནས་ཟླ་བ་གཉིས་ཙམ་ལས་མ་སོང་བར། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། བཀག་རྒྱ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། བཟོད་བསྲན་མི་བྱེད་པ་བཅས་རྒྱུན་འཁྱོངས་དང་། བཀག་འགོག་གཙོ་བོར་འཛིན་པ་དང་། གནོན་ཤུགས་ཆེན་པོ་སྤྲོད་པ། རྒྱུན་དུ་ཟིལ་གནོན་བྱེད་པ་བཅས་རྒྱུན་འཁྱོངས། ལྐོག་རྔན་སྤྲོད་མཁན་དང་ལེན་མཁན་གཉིས་ཀར་མཉམ་དུ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བཅས་རྒྱུན་འཁྱོངས་གསུམ་གྱི་དགོངས་དོན་དོན་འཁྱོལ་བྱས་ནས། རྣམ་པ་གསར་པ་དང་། འབད་འབུངས་གསར་པའི་ཐོག་ནས། བཀྲག་མདངས་འཚེར་བའི་གྲུབ་འབྲས་བླངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།