གོང་གི་ཟླ་བ་བཅུའི་ནང་གྲོང་ཁྱེར་དང་གྲོང་བརྡལ་དུ་མི་ཁྲི་1191གསར་དུ་ལས་ཞུགས་ཐུབ་པ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས། ད་ལོའི་སྤྱི་ཟླ་༡པོ་ནས་༡༠པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་དུ་མི་བྱེ་བ་གཅིག་དང་ས་ཡ་གཅིག་དང་དགུ་འབུམ་ཆིག་ཁྲི་གསར་དུ་ལས་ཞུགས་ཐུབ་ཡོད་པས། དུས་བཀག་ཟླ་བ་གཉིས་ཀྱི་གོང་ནས་ཚད་ལས་བརྒལ་བའི་ངང་མི་བྱེ་བ་གཅིག་དང་ས་ཡ་གཅིག་ལས་ཞུགས་ཐུབ་པའི་ལོ་ཧྲིལ་པོའི་སྔོན་དཔགས་དམིགས་འབེན་ལེགས་གྲུབ་ཟིན་ཡོད། དབྱེ་ཞིབ་བྱས་པར་གཞིགས་ན། ལས་ཞུགས་དམིགས་འབེན་དུས་བཀག་གོང་ནས་ལེགས་གྲུབ་ཟིན་པ་དེ་གཙོ་བོ་ཕྱོགས་བཞིའི་ཐད་ནས་ཕན་པ་ཐོབ་ཡོད་པ་སྟེ། གཅིག་ནི། དཔལ་འབྱོར་འཕར་སྣོན་བརྟན་པོ་བྱུང་བས། ལས་ཞུགས་བརྟན་པོ་རྒྱུན་འཁྱོངས་བྱ་རྒྱུར་འདེགས་སྐྱོར་བྱས་ཡོད་པ་དང་། སྤྱི་ལོ་2017ལོའི་གོང་གི་དུས་ཚིགས་གསུམ་ནང་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་འཕར་ཚད་བརྒྱ་ཆ་༦དང་གྲངས་ཆུང་༩ཟིན་ཡོད། ལོ་སྟོད་དུ་དཔལ་འབྱོར་འཕར་ཚད་སྒོར་དུང་ཕྱུར་ཉིས་ཁྲི་སུམ་སྟོང་ལྔ་བརྒྱ་ཟིན་ཡོད་པས། དཔལ་འབྱོར་འཕར་སྣོན་གྱིས་ལས་ཞུགས་ལ་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་ཡོད། གཉིས་ནས། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་། ལྷག་པར་དུ་ཐོན་ལས་གསུམ་པ་གོང་འཕེལ་མྱུར་པོ་ཕྱིན་པ་དང་། ཐོན་ལས་གསར་པ་དང་། ལས་སྒོ་གསར་པའི་འཕེལ་ཕྱོགས་ཡག་པོ་ཡོད་པས། ལས་ཞུགས་ལ་སྐུལ་འདེད་ནུས་པ་ཐོན་ཡོད། ད་ལོའི་གོང་གི་དུས་ཚིགས་གསུམ་ནང་ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་གིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ཁྲོད་བཟུང་བའི་བསྡུར་ཚད་བརྒྱ་ཆ་༥༢དང་གྲངས་ཆུང་༩ཟིན་ཡོད། ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་༥༨དང་གྲངས་ཆུང་༨ཟིན་གྱི་ཡོད་པས། ལས་ཞུགས་ལ་སྐུལ་ཁྲིད་མངོན་གསལ་དོད་པོ་བྱུང་ཡོད། གསུམ་ནས། སྒྱུར་བཅོས་ཀྱི་ཕན་འབྲས་ལས་ཕན་པ་ཐོབ་ཡོད། སྲིད་འཛིན་འཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། བྱ་བཞག་གསར་སྐྲུན་ལ་སྐུལ་མ་བཏང་ནས། ལས་ཞུགས་སྒོ་སྐབས་འབོར་ཆེན་གཏོད་ཡོད། གོང་གི་དུས་མཚམས་གསུམ་ནང་། རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༡༢དང་གྲངས་ཆུང་༥འཕར་ཡོད་པ་དང་། ཆ་སྙོམས་ཉིན་རེའི་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཆིག་ཁྲི་དྲུག་སྟོང་ལྔ་བརྒྱ་ཟིན་ཡོད་པས། ཁེ་ལས་གསར་པས་དུས་ཚིགས་གསུམ་པའི་ལས་ཞུགས་ལ་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་༢༥ལས་བརྒལ་ཡོད། བཞི་ནས། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་པ་ལས་ཕན་པ་ཐོབ་ཡོད་ལ། རྒྱ་ཆེའི་ངལ་རྩོལ་པའི་རང་སྟོབས་རང་འཕེལ་དང་སྒེར་གྱི་འབད་བརྩོན་དང་ཁ་བྲལ་ཐབས་མེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། དབང་འདུས།