ཀྲུང་གོའི་དམངས་གཙོ་མནའ་འབྲེལ་གྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་པེ་ཅིང་དུ་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༦ཉིན་ཀྲུང་གོའི་དམངས་གཙོ་མནའ་འབྲེལ་གྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་པེ་ཅིང་དུ་འགོ་ཚུགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཀྲན་ཧྲུའུ་ཡིས་འཐུས་མི་ཡོངས་དང་མཇལ་འཛོམས་གནང་བ་མ་ཟད། ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་གནང་ཡོད་པ་རེད།

ཤིས་ཚིག་ནང་། ལོ་ལྔའི་ནང་ཚུན། དམངས་གཙོ་མནའ་འབྲེལ་གྱིས་སྲིད་ཞུགས་ཏང་གི་འགན་ནུས་ལག་བསྟར་ནན་ཏན་བྱེད་པ་དང་། སྲིད་གྲོས་དང་གྲོས་འགོ་འདོན་པར་གྲུབ་འབྲས་གསར་པ་ཐོབ་ཡོད་ལ། འགན་ནུས་ལག་བསྟར་དང་འགན་འཁྲི་འཁུར་ནས་ཁྱབ་ཁོངས་གསར་པ་གཏོད་པ་དང་། སྤྱི་ཚོགས་ཞབས་ཞུའི་རྣམ་པ་གསར་པ་གཏོད་ནས། རང་ངོས་འཛུགས་སྐྲུན་སྐས་རིམ་གསར་པའི་ཐོག་སླེབས་ཡོད་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གོང་འཕེལ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ་དམངས་གཙོ་མནའ་འབྲེལ་གྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་གལ་ཆེའི་འཐབ་ཇུས་དང་། གལ་ཆེའི་བཀོད་སྒྲིག གལ་ཆེའི་ལས་འགན་བཅས་ལ་གཞིགས་ནས། སློབ་གསོ་དང་རིག་གནས། ཚན་རྩལ་བཅས་ལས་རིགས་ཀྱི་ཁྱད་ཆོས་དང་བཟང་ཆ་མུ་མཐུད་འདོན་སྤེལ་བྱེད་པ་དང་། འགན་འཁྲི་ལག་བསྟར་ཧུར་ཐག་བྱེད་པ། དེ་བས་ཡག་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་བཞག་གཏོད་མཁན་དང་ལག་ལེན་བསྟར་མཁན། སྲུང་སྐྱོབ་བྱེད་མཁན་བཅས་ཀྱི་ཆབ་སྲིད་འགན་འཁྲི་འཁུར་རྒྱུའི་རེ་བ་ཡོད། ཀྲུང་གུང་ཀྲུང་དབྱང་གིས། དམངས་གཙོ་མནའ་འབྲེལ་གྱི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པ། མུ་མཐུད་ལག་གདང་འབྲེལ་ནས་མདུན་སྐྱོད་བྱེད་པ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཟིན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེའི་རྒྱལ་པ་ཐོབ་པ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ། མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་མངོན་འགྱུར་བ་ཐུབ་པ་བཅས་ཀྱི་ཆེད་འབད་འཐབ་ལྷོད་མེད་བྱེད་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།
ཐེངས་འདིའི་ཚོགས་ཆེན་ཐོག་དམངས་གཙོ་མནའ་འབྲེལ་གྱི་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གསན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ་དང་། ཀྲུང་གོའི་དམངས་གཙོ་མནའ་འབྲེལ་གྱི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ། དམངས་གཙོ་མནའ་འབྲེལ་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདམས་རྒྱུ་བཅས་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། དབང་འདུས།