དྲ་ཐོག་ཉེས་བསགས་དང་དྲ་ཐོག་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྤེལ་བ།
སྤེལ་བའི་དུས་ཚོད། : 2017-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ། དྲ་ཐོག་ཉེས་བསགས་དང་དྲ་ཐོག་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་དེ་སྤྱི་ཚེས་༤ཉིན་སྐབས་བཞི་པའི་དྲ་སྦྲེལ་ཚོགས་ཆེན་འཚོགས་རིང་ཀྲེ་ཅང་ཞིང་ཆེན་ཨུ་ཀྲེན་དུ་སྤེལ་ཡོད་པ་རེད། སྐབས་འདིའི་གླེང་སྟེགས་ནི་ཕྱི་འབྲེལ་པུའུ་དང་སྤྱི་བདེ་པུས་མཉམ་དུ་སྤེལ་བ་ཞིག་ཡིན་པ་དང་། ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་གྱིས་རོགས་གཉེར་བྱས་པ་ཞིག་ཡིན་ཞིང་། དྲ་ཐོག་ཉེས་བསགས་དང་དྲ་ཐོག་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་ཁ་གཏད་གཅོག་ཐབས་ལ་གཞིགས་ཏེ་ཞིབ་བསྡུར་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་ཤེ་ཡ་གླིང་དང་ཨ་ཧྥེ་རི་ཁ་གླིང་ཁྲིམས་ལུགས་གྲོས་མཐུན་སྒྲིག་འཛུགས། ཧྲང་ཧད་མཉམ་ལས་སྒྲིག་འཛུགས་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་དང་དེ་བཞིན་ཀྲུང་གོ་དང་། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཁ། ཧིན་རྡུ་ཉི་ཞི་ཡ། མ་ལེ་ཞི་ཡ། ཐུར་ཁེ། དབྱི་རན། དབྱི་སི་རལ་སོགས་རྒྱལ་ཁབ་ཀྱི་འཐུས་མི་གླེང་སྟེགས་ལ་ཞུགས་ཡོད་པ་རེད། ཚོགས་ཞུགས་འཐུས་མིས། དྲ་ཐོག་ཉེས་བསགས་ནི་མིའི་རིགས་ལ་འཕྲད་པའི་ཛ་དྲག་པའི་འཇིགས་སྐུལ་དང་འགྲན་རྩོད་ཅིག་ལ་གྱུར་ཡོད་པས། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས་ཁ་གཏད་གཅོག་དགོས་པ་དང་། དེའི་ནང་གོ་ལ་ཧྲིལ་པོ་ཅན་གྱི་དྲ་ཐོག་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་ཁྲིམས་ལུགས་ཡིག་ཆ་གཏན་འབེབས་བྱ་རྒྱུ་ཚུད་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།