ཕེང་ལི་ཡོན་གྱིས་ཨ་རིའི་ཙུང་ཐུང་གི་སྐུ་ཟླ་མེ་ལ་ནི་ཡར་ཕེབས་རོགས་གནང་ནས་པེ་ཅིང་གྲོང་ཁྱེར་གྱི་པན་ཁྲང་སློབ་ཆུང་ལ་གཟིགས་སྐོར་གནང་བ།
སྤེལ་བའི་དུས་ཚོད། : 2017-11-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་གྱིས་སྤྱི་ཚེས་༩ཉིན་གྱི་སྔ་དྲོ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་སྐུ་ཟླ་སྐུ་མཁྱེན་མ་མེ་ལ་ནི་ཡ་ལྷན་དུ་པེ་ཅིང་གྲོང་ཁྱེར་པན་ཁྲང་སློབ་ཆུང་ལ་གཟིགས་སྐོར་གནང་ཡོད་པ་རེད།

ཕེང་ལི་ཡོན་དང་མེ་ལ་ནི་ཡས་སློབ་ཁྲིད་གནང་ཚུལ་ལ་གཟིགས་སྐོར་གནང་ཡོད་པ་སྟེ། དབྱིན་སྐད་སློབ་ཚན་ཐོག་སློབ་མ་རྣམས་ཀྱིས་ཚང་ཁ་ཤིག་ཤིག་ངང་ལན་རྒྱག་བཞིན་ཡོད་ཅིང་དབྱིན་སྐད་བྱང་ཆུབ་པོ་ཡོད། ཅིང་ཅུས་ཟློས་གར་སློབ་ཚན་ཐོག་འཁྲབ་སྟོན་པ་ཆུང་ཆུང་དག་གི་སྐད་གདངས་སྙན་ཞིང་ལུས་ཀྱི་གར་སྟབས་མཛེས་པོ་ཡོད། གནམ་རིས་སྐར་རྩིས་ཀྱི་སློབ་ཚན་ཐོག་ཚན་རིག་པ་ཆུང་ཆུང་དག་གིས་སྒམ་ནན་གྱི་རྣམ་འགྱུར་ཐོག་ནས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད། ཕེང་ལི་ཡོན་དང་མེ་ལ་ནི་ཡས་དེ་དག་གཟིགས་སྐབས་འཛུམ་དམུལ་དམུལ་གནང་བ་དང་དབུ་ལྕོག་ལྕོག་གནང་ནས་བསྔགས་བརྗོད་གནང་ཡོད། གྱོན་ཆས་ཇུས་འགོད་སློབ་ཁང་དུ། ཁོང་རྣམ་གཉིས་ཀྱིས་སློབ་མ་རྣམས་ནས་ཇུས་འགོད་ཞིབ་ཚགས་བྱས་ཏེ་བཟོས་པའི་མཚལ་ཕྱུ་མའི་ཐོག་ཐབ་ཆི་སྒྲོག་གནང་ཡོད། མཛེས་རྩལ་སློབ་ཁང་དུ། ཁོང་རྣམ་གཉིས་ཀྱིས་ཅོག་ལའི་སྤུ་སྨྱུག་བསྣམས་ནས་རི་མོ་ནག་བྲིས་ཀྱི་དོམ་ཁྲ་ཆུང་ཆུང་དེའི་དཔྲལ་བའི་དཀྱིལ་དུ་དམར་ཐིག་ཅིག་བྲིས་གནང་ནས། བློ་གྲོས་ཀྱི་བློ་སྒོ་འབྱེད་པ་མཚོན་པར་གནང་ཡོད། གཡོས་སྦྱོར་སློབ་ཚན་ཐོག ཁོང་རྣམ་གཉིས་ཀྱིས་སྤྲོ་སྣང་ཆེན་པོའི་ཐོག་ནས་སློབ་མ་རྣམས་དང་ལྷན་དུ་ཀྲུང་གོའི་བག་ལེབ་ཨེ་ཨོ་ཨོ་དང་ཨ་རིའི་བག་ལེབ་ཀུ་ཤུའི་བག་ལེབ་བཟོས་གནང་ཡོད། སློབ་མ་རྣམས་ཀྱིས་ད་དུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྐུ་ཟླ་རྣམ་གཉིས་ལ་ཁོ་ཚོས་བྲིས་པའི་ཡིག་གཟུགས་ཀྱི་བརྩམ་བྱ་དང་། ཁོ་ཚོས་བཟོས་པའི་བཟོ་རྩལ་བརྩམ་བྱ། ཁང་པ་ལྷུ་སྒྲིག་གི་དཔེ་དབྱིབས་སོགས་ཕུལ་ཡོད་པ་རེད།

དེ་རྗེས། ཕེང་ལི་ཡོན་དང་མེ་ལ་ནི་ཡས་སློབ་གྲྭའི་ཚོགས་ཁང་དུ་ཕེབས་ནས་སློབ་མའི་སྙན་གསེང་འཁྲབ་སྟོན་ལ་གཟིགས་ཡོད་པ་རེད། ཕེང་ལི་ཡོན་གྱིས་མེ་ལ་ནི་ཡར། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གྲོགས་པོ་ཆུང་ཆུང་ཚོས་ཕན་ཚུན་ཤེས་རྟོགས་མང་ཙམ་བྱེད་པ་དང་། ཕན་ཚུན་གྲོགས་པོ་མང་ཙམ་འགྲིག་དགོས་ཞེས་གསུངས་ཡོད་པ་རེད།

ཡོངས་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བདེ་སྐྱིད།