ཕྱི་འབྲེལ་པུས་ཀྲུང་ཨའི་གཙོ་བདག་གི་མཇལ་མོལ་ལ་ཕྱོགས་མང་པོའི་ཐད་ཐུན་མོང་ངོས་འཛིན་བྱུང་ཡོད་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2017-11-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། སྤྱི་ཟླ་༡༡པའི་ཚེས་༨ནས་ཚེས་༡༠ཉིན་བར། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཡོད་པ་རེད། ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཀྲེན་ཙེ་ཀོང་གིས་གསར་འགྱུར་ལས་རིགས་ལ་ངོ་སྤྲོད་གནང་བར་གཞིགས་ན། ཉིན་གཉིས་ཀྱི་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐེ་རོན་ཕུས་ཀྲུང་ཨའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་གནང་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། དུས་རབས་གསར་པའི་ཀྲུང་ཨའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཕྱོགས་མང་པའི་ཐད་གལ་ཆེའི་ཐུན་མོང་ངོས་འཛིན་བྱུང་ཡོད་ཅིང་། མཇལ་མོལ་ལ་གལ་ཆེའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་རེད།

ཀྲེན་ཙེ་ཀོང་གིས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས། ཀྲུང་ཨས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་སྲུང་སྐྱོབ་བྱ་རྒྱུའི་ཐད་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་དང་གལ་ཆེའི་འགན་འཁྲི་ཡོད་པའི་ངོས་འཛིན་གནང་ཡོད་པ་དང་། ཀྲུང་ཨའི་འབྲེལ་བའི་འཕེལ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་དང་། ཟམ་མི་ཆད་པར་གོང་འཕེལ་འགྲོ་བཞིན་པའི་ཀྲུང་ཨའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་པ་མ་ཟད། ད་དུང་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡོངས་ཁྱབ་ཐོག་རེ་འགུག་བྱེད་པ་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད།

ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཚོ་མཚེའུ་གཞིས་ཀའི་མཇལ་མོལ་གནང་རྗེས་ཀྲུང་ཨའི་འབྲེལ་བ་གོང་འཕེལ་བཏང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། དེར་བརྟེན། ཕྱོགས་གཉིས་པོས་གཙོ་བདག་གི་ཕྱི་འབྲེལ་གྱིས་ཀྲུང་ཨའི་འབྲེལ་བར་འཐབ་ཇུས་ཁྲིད་སྟོན་གནང་བའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱ་རྒྱུ་དང་། མཐོ་རིམ་བར་དང་རིམ་པ་ཁག་གི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། གཉིས་ཕན་གྱི་རྨང་གཞིའི་ཐོག་ཁྱབ་ཁོངས་རྒྱ་ཆེན་པོའི་མཉམ་ལས་བྱེད་པ། ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་ཐོག་འགལ་ཟླ་དོ་དམ་དང་ཚོད་འཛིན་ཡག་པོ་བྱེད་པ། རྒྱལ་ཁབ་གཉིས་པོའི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་དང་གོ་ལ་ཧྲིལ་པོའི་འགྲན་རྩོད་ལ་ཁ་གཏད་གཅོག་པ་བཅས་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོངས་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བདེ་སྐྱིད།