ཀྲུང་དབྱང་དམག་ཨུད་ཀྱིས་བསམ་འཆར་དཔར་འགྲེམ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་ནན་ཏན་བྱེད་དགོས་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2017-11-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་ནན་ཏན་བྱེད་པའི་སྐོར་གྱི་བསམ་འཆར་དཔར་འགྲེམ་བྱས་ཡོད་པ་རེད།

བསམ་འཆར་ནང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། དམག་ཡོངས་ཀྱི་དཔོན་དམག་རྣམས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་འགྱུར་བྱེད་དགོས་པ་དང་། བློ་གྲོས་དང་སྟོབས་ཤུགས་ཡོད་རྒུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་གཏན་འབེབས་བྱས་པའི་ལས་འགན་ལེགས་སྒྲུབ་བྱེད་རྒྱུའི་ཐོག་གོང་བུར་འགྲིལ་དགོས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་དམག་དཔུང་སྟོབས་ཆེན་གཏོང་བའི་ལས་དོན་ཟམ་མི་ཆད་པ་སྐུལ་འདེད་གཏོང་དགོས་བཅས་གསལ་སྟོན་བྱས་ཡོད་པ་རེད།

བསམ་འཆར་ལ་ལེའུ་བཞི་ཕྱེ་ཡོད་སྟེ། གཅིག ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས་དམ་འཛིན་དང་ལེགས་འཛིན་བྱེད་པ། གཉིས། ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ། གསུམ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་སློབ་གསོ་ནན་ཏན་བྱེད་པ། བཞི། འགག་རྩ་དངོས་སྒྲུབ་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དངོས་སུ་ལག་བསྟར་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཡིན།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོར་ནན་འཛིན་བྱེད་རྒྱུ་ལ། སྤྱི་ཡོངས་ལ་དམ་འཛིན་པ་དང་ཁྱོན་ཡོངས་འཐུས་ཚང་ཡིན་དགོས་ལ། གཙོ་གནད་འབུར་དུ་ཐོན་པ་དང་འགག་རྩར་དམ་འཛིན་ཡང་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གི་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་ཀྱི་དགོངས་པ་ཡིན་པའི་ཐོག་དང་། ལོ་ལྔའི་རིང་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་འཕེལ་བའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མཉམ་མིན་ཞིང་འདང་ངེས་མ་ཡིན་པའི་གོང་འཕེལ་བར་གྱི་འགལ་ཟླར་གྱུར་ཡོད་པ་སོགས་གལ་ཆེན་གྱི་ཆབ་སྲིད་ཀྱི་ཆོད་གཏམ་གྱི་གཏིང་ཟབ་ཡུན་རིང་གི་ཤུགས་རྐྱེན་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་གལ་ཆེན་གྱི་ཐག་གཅོད་དང་བཀོད་སྒྲིག་དོན་འཁྱོལ་མཐའ་འཁྱོངས་བྱེད་པའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཚོགས་པ་ནི་ཏང་ཡོངས་དང་དམག་ཡོངས། དེ་བཞིན་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བརྩི་བཀུར་དང་ཡིད་ཆེས་ཤུགས་ཆེན་པོ་ཐོབ་པའི་འགོ་ཁྲིད་ཚོགས་པ་ཡིན་པའི་ཐོག་གཅིག་བསྡུས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཡོངས་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།