ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཉམས་སྣང་ཞེས་པ་ལས་ཕྱུག་འགྱུར་སྣེ་ཁྲིད་པ་ཧོ་ཞའོ་མེ་དང་ཧུ་ཀྲུང་ཧྲན་ཞེས་པ་ཞུ་རྒྱུ།
སྤེལ་བའི་དུས་ཚོད། : 2017-10-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སོ་ལོ་ཝན་གྲོང་ཚོ་ནི་ཧྲའན་ཤི་ཞིང་ཆེན་ཧོང་ལིང་རྫོང་ནུབ་ངོས་ཀྱི་སྤྱི་ལེ་༤༧སའི་རི་ཁུལ་དུ་གནས་ཡོད། ཧོ་ཞའོ་མེ་གྲོང་ཚོའི་ཀྲེ་པུཧུ་ཧྲུཧུ་ཅིར་བདམས་ཐོན་བྱུང་རྗེས། ཏང་ཀྲེ་པུའུ་འཛུགས་སྐྱོང་བྱ་རྒྱུ་ནས་འགོ་བཙུགས་ཏེ་ཏང་ཡོན་གྱི་གཟའ་འཁོར་ལས་བྱའི་ལམ་ལུགས་གཏོད་པ་དང་། གྲོང་དཔོན་རེ་མོས་བྱེད་པ་དང་དོན་ཆེན་ཀྲེ་པུའུ་ནས་ཞིབ་འཇུག་དང་མཉམ་སྡེབ་ཀྱིས་འཇུས་འགོད་བྱེད་པ། དོན་ཆུང་ཏང་ཡོན་གྱིས་ཐག་གཅོད་བྱེད་པ་བཅས་ཀྱི་ལམ་ལུགས་ཁྱབ་གདལ་བཏང་ཡོད། ཁོང་གིས་རྟག་ཏུ་ཀྲུང་དབྱང་གི་སྲིད་ཇུས་ཡག་པོ་ཅི་འདྲ་ཡོད་རུང་། གཞི་རིམ་དུ་རྩ་བ་རྒྱས་ཐུབ་མིན་དེ་ང་ཚོ་ཏང་ཡོན་ཚོར་རག་ལུས་ཡོད་ཅེས་གསུངས་ཀྱི་ཡོད།

ཧོ་ཞའོ་མེ་ཡིས། གྲོང་གསེབ་ཐོན་ལས་གོང་འཕེལ་གཏོང་བར། ཀྲེ་པུའུ་ཡིས་སྣེ་ཁྲིད་བྱེད་པ་དང་། ཁེ་ལས་ཀྱིས་དོ་དམ་བྱེད་པ། གྲོང་མིས་མཉམ་ཞུགས་བྱེད་པ། ཁྲོམ་རའི་འཁོར་རྒྱུགས་བྱེད་པ་བཅས་བྱ་དགོས་ཚུལ་སྟོན་པ་དང་། ཁོང་གིས་གྲོང་ཚོའི་ནང་སྔོ་ཚལ་མཐུན་ཚོགས་བཙུགས་པ་དང་སྔོ་ཚལ་དྲོད་ཁང་བཞི་བཅུ་གསར་རྒྱག་བྱས་ནས་མང་ཚོགས་ཚོར་མངགས་ཐོའི་རྣམ་པའི་ཐོག་ནས་སྔོ་ཚལ་བྲིན་འཚོང་བྱེད་རོགས་བྱས་ཤིང་། ད་དུང་ཧོང་ལིང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ལ་བརྟེན་ནས་ཆུ་བོ་བཀག་ནས་ཆུ་ཁར་གཡེང་ནས་འགྲོ་བའི་རྣམ་གྲངས་འཇུས་འགོད་བྱས་པའི་ཁར་གྲོང་གསེབ་ཡུལ་སྐོར་གོང་འཕེལ་ཤུགས་ཆེན་བཏང་ནས་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་བསྐྱེད་བཏང་བས་གྲོང་མིའི་མི་རེའི་ཆ་སྙོམ་ཡོང་འབབ་སྒོར་ཉིས་ཁྲི་བརྒྱད་སྟོང་ཙམ་ཟིན་ཡོད་པ་རེད།

སོ་ལོ་ཝན་གྲོང་ཚོ་ཕྱུག་འགྱུར་ཐུབ་རྗེས། ཧོ་ཞའོ་མེ་ཡིས་སླར་ཡང་མིག་ཟུང་ཉེ་འཁོར་གྱི་བལྟོས་བཅས་རྗེས་ལུས་ཡིན་པའི་གྲོང་ཚོར་ཕྱོགས་ནས། སྔོན་ཐོན་གྱིས་རྗེས་ལུས་ལ་སྣེ་ཁྲིད་ལ་སྟོབས་ཆེན་གྱིས་སྟོབས་ཆུང་ལ་རོགས་རམ་ཞེས་པའི་བྱ་ཐབས་བཏོན་ནས་ཉེ་འཁོར་གྲོང་ཚོ་བདུན་གྱི་ཐེམ་དུད་སུམ་ཅུ་སོ་དགུའི་དབུལ་ཕོངས་མང་ཚོགས་བརྒྱ་དང་བརྒྱད་ཅུ་གྱ་དགུ་དབུལ་གྲོལ་ཕྱུག་འགྱུར་ཐུབ་པ་བྱས་ཡོད།

རི་བོ་བཙུན་པའི་དབུ་དང་འདྲ། རོང་ནང་ཆུ་ཕྲན་མེད་པ་ཡི། ཆུ་ཐིགས་རིན་ཆེན་གསེར་འདྲ་ཞིང་། དཔྱིད་ཀ་བཏབ་ཀྱང་སྟོན་བསྡུ་མེད་ཅེས་པ་དེ་ནི་ལོ་ངོ་ཉི་ཤུའི་གོང་གི་ཀན་སུའུ་གུ་ལང་རྫོང་ཅཱ་ཧྲན་ལིང་གྲོང་ཚོའི་དངོས་བྲིས་རྣམ་པ་རེད། སྤྱི་ལོ་༡༩༩༣ལོར། ཧུ་ཀྲུང་ཧྲན་གྲོང་ཚོའི་ཏང་ཀྲེ་པུའུ་ཡི་ཧྲུཧུ་ཅིར་བདམས་ཐོན་བྱུང་རྗེས། རང་ཁྱིམ་གྱིས་རྒྱུ་དངོས་ཡོད་ཚད་བཙོངས་ཏེ་རི་ཁུལ་ནས་གནས་སྤོ་བྱས་པའི་མང་ཚོགས་ལྔ་ཁྲི་ལྷག་གི་སྣེ་ཁྲིད་ནས་མ་དངུལ་རུབ་བསྡུས་བྱས་ཏེ་བྱེ་ཐང་གི་མཐའ་སར་ཁྲོམ་པ་འདྲུས་ནས་ས་སློག་བརྒྱབ་ཡོད། ལོ་དེར། ཁོང་གིས་མང་ཚོགས་ཚོའི་སྣེ་ཁྲིད་དེ་ཉིང་ཤ་ནས་ལག་རྩལ་པ་དང་གདན་ཞུ་དང་བཟོ་གྲྭ་དང་མཐུན་སྦྱོར་གྱིས་ས་ཆ་དེ་ག་ནས་ལྷེབ་དང་དྲོད་ཁེབས་ཐོན་སྐྱེད་བྱས་ནས་ས་རྒྱུ་ཧ་ཅང་ཞན་པའི་བྱེ་སའི་སྟེང་ཉི་འོད་དྲོད་ཁང་སུམ་ཅུ་སོ་བདུན་བརྒྱབ་ཡོད། ད་ཆ། ཅཱ་ཧྲན་ལིང་གྲོང་ཚོར་བལྟ་དུས། ཕྱོགས་གཅིག་ནི་ཚེ་སྲོག་དར་ཐབས་བྲལ་བའི་བྱེ་ཐང་དང་ཕྱོགས་གཞན་ཞིག་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཉི་འོད་དྲོད་ཁང་རེད།

ད་ཆ། གུ་ལང་རྫོང་གནས་སྤོས་ཡུལ་མིའི་ཁུལ་བཙུགས་ཟིན་པ་དང་ཞིང་འབྲོག་ལས་ཀྱི་སྒྲིག་བཀོད་མུའུ་གྲངས་ཉིས་ཁྲི་ལྷག་ཟིན་ཞིང་། གྲོང་མི་རྣམས་ལ་དྲོད་ཁང་རེ་ནས་ལོ་རེར་ཆ་སྙོམ་ཡོང་འབབ་སྒོར་ཉིས་ཁྲི་ལྷག་ཟིན་གྱི་ཡོད། ཧུ་ཀྲུང་ཧྲན་གྱིས། བྱེ་ཐང་གི་རྒྱ་མཚོར་གྲུ་གཟིངས་གཏོང་བའི་དཀའ་བ་སྤྱད་མྱོང་ལ། གྲོང་མི་རྣམས་དབུལ་གྲོལ་ཕྱུག་འགྱུར་ཐུབ་པའི་དགོད་སྒྲ་ཡང་གོ་མྱོང་བས་ཚེ་འདིར་གནོང་འགྱོད་མེད་ཅེས་གསུངས་ཡོད། ཁོང་གིས་བཤད་དགའ་ཤོས་བྱེད་པའི་སྐད་ཆ་ནི་མི་ནི་གཞན་གྱི་ཆེད་དུ་འཚོ་བ་ལས་རང་ཉིད་ཆེད་དུ་འཚོ་མི་ཉན་ཞེས་པ་དེ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བྱམས་པ་ཚེ་རིང་།