ཚོགས་ཆེན་བཅུ་དགུ་པའི་དུས་སྐབས་ནི་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་སྤྱིར་བཏང་མ་ཡིན་པའི་དུས་སྐབས་ཤིག་ཡིན་པ།
སྤེལ་བའི་དུས་ཚོད། : 2017-10-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བྱང་ངོགས་མདོ་ལ་རི་བོ་དང་འབྲེལ་ཞིང་། ལྷོ་ངོགས་ཚྭ་འདམ་དང་ཐག་ཉེ་བའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་སྲིད་གཞུང་གནས་ས་ནུབ་མཚོ་གྲོང་རྡལ་གྱི་ནུབ་ངོགས་སུ་གནས་པའི་རྩྭ་ཐང་དེར་མིང་སྙན་པོ་ཞིག་ཡོད་པ་ནི་གསེར་ཐང་དངུལ་ཐང་ཞེས་འབོད་ཀྱི་ཡོད། ནམ་ཟླ་བཅུ་པའི་རྩྭ་ཐང་ཐོག་གངས་ཐེངས་ཁ་ཤས་བབས་པས། གངས་གསོག་མཐུག་པོས་སེར་མདོག་ལ་འགྱུར་བའི་རྩྭ་རར་མཛེས་རྒྱན་སྤྲས་ཡོད་པ་རེད།

འབྲོག་པ་ཅི་གུ་ཧྲེང་མོའི་གུར་ཁང་ནང་དྲོ་སོབ་སོབ་ཡིན། ཐབ་ཀྱི་སྟེང་དུ་འོ་ཇ་བསྐོལ་བཞིན་ཡོད་པ་དང་། ཅི་གུ་ཧྲེང་མོས་ལག་ནང་ཡོད་པའི་སྒྲ་བསྡུ་འཕྲུལ་ཆས་དེར་སྒུལ་བཞིན་ཡོད། འདི་ནི་རྒྱལ་སྟོན་དུས་ཆེན་གོང་། ཞིང་ཆེན་རླུང་འཕྲིན་ལས་ཁུངས་ཀྱི་ལས་བྱེད་པས་ཆེད་མངག་གནང་བ་ཞིག་ཡིན། སྒྲུ་བསྡུ་འཕྲུལ་ཆས་དེ་ཅི་གུ་ཧྲེང་མོ་གང་དུ་ཕྱིན་ཀྱང་མཉམ་དུ་ཁྱེར་འགྲོ་གི་ཡོད། ཁོང་གིས། རོགས་པ་ཡག་པོ་འདི་ཡོད་པས་ང་ལུག་འཚོ་སྐབས་ཡུལ་པོ་མི་འདུག་ཅེས་བཤད་ཡོད་པ་རེད།

གངས་བབས་རྗེས་ཀྱི་གསེར་ཐང་དངུལ་ཐང་རྩྭ་ཐང་དེ་དེ་མུར་དགུན་དུས་ལ་སླེབས་ཡོད་པ་དང་། གུར་ཁང་སྲབ་སྲབ་དེའི་ནང་སྡོད་རྒྱུ་འཚམ་པོ་མེད། ཅི་གུ་ཧྲེང་མོའི་དགུན་དུས་ཀྱི་སྡོད་ས་ནི་རྫོང་གྲོང་ཉེ་འགྲམ་དུ་ཡོད། ཁོང་གིས། སྤྱི་ལོ་༢༠༡༤ལོར་སྲིད་གཞུང་གིས་དངུལ་ཁ་གསབ་སྤྲད་ནས། ཉེན་ཁ་ཡོད་པའི་ཁང་པར་བསྒྱུར་བཀོད་བྱས་པ་ཡིན་ཞེས་བཤད་པ་དང་། དགའ་ཚོར་ཆེན་པོའི་ངང་། ང་ཚོ་སྡོད་སར་གློག་ཤར་གཏོང་ཐུབ་ཡོད་པ་དང་། ཐ་ན་དྲ་བ་ཡང་ཤར་གཏོང་ཐུབ་ཡོད། ངས་ཉིན་ལྟར་རླུང་འཕྲིན་ནང་ནས་ཚོགས་ཆེན་བཅུ་དགུ་པའི་ཆ་འཕྲིན་དང་གནས་ཚུལ་ཉན་གྱི་ཡོད་ལ། ང་ཚོའི་མེས་རྒྱལ་ཡག་ཐོག་ཡག་བརྩེགས་དང་དར་རྒྱས་སྟོབས་ཆེ་ཡོང་བའི་རེ་བ་ཡང་ཡོད་ཅེས་བཤད་ཡོད་པ་རེད།

ཆར་པ་འབབ་པའི་ཞོགས་པ། ཙི་པོ་ཙི་ཁྲོན་གྲོང་ཁུལ་དང་བར་ཐག་ལེ་དབར་བཞི་བཅུ་ལྷག་ཡོད་པའི་རི་ཁུལ་ནང་། ལོ་༥༤ཡིན་པའི་གྲོང་མི་གྲེན་ཅིས་ཧྥང་དང་ཡུལ་མི་རྣམས་ཀྱིས་དངངས་འཚབ་ཆེན་པོས་གྲོང་ཚོའི་ནང་ཉིན་ཁ་ཤས་གོང་སྒྲིག་སྦྱོར་བྱས་པའི་གྲོང་ཚོ་ཚང་མར་ཡོད་པའི་ཤང་གྲོང་རྒྱང་སྒྲོག་གི་ནང་ནས་སྐད་ཐོན་རྒྱུར་འགུག་བསྡད་ཡོད་པ་རེད། གྲེན་ཅིས་ཧྥང་གིས། གྲོང་ཚོའི་ནང་རྒན་རྒོན་མང་པོ་ཡོད་ཅིང་། ཁོ་ཚོ་ནི་གཞོན་ནུ་བཞིན་ཚང་མར་ལག་ཐོག་ཁ་པར་མེད་པས། དུས་ཐོག་ཏུ་ཕྱི་རོལ་གྱི་གནས་ཚུལ་ཆེན་པོ་གོ་ཐུབ་ཀྱི་མེད། གྲོང་ཚོ་གཞན་དག་ལ་ཉིན་ཤས་གོང་རྒྱང་སྒྲོག་སྒྲིག་སྦྱོར་བྱས་པ་མཐོང་སྐབས། ཁོ་ཚོར་མ་གཞི་དངངས་འཚབ་ཅུང་ཟད་བྱུང་ཡང་། མགྱོགས་པོ་འདི་འདྲ་ཁོ་ཚོའི་གྲོང་ཚོར་སྒྲིག་སྦྱོར་བྱེད་ཡོང་བསམ་པ་བྱུང་མེད། ཁང་པའི་ངང་སོ་སོ་གཅིག་པུར་གསར་འགྱུར་བལྟ་བ་བསྡུར་ན། ཞིང་ཁའི་ནང་རོགས་པ་དང་མཉམ་དུ་རྒྱང་སྒྲོག་ཉན་པ་དང་མཉམ་དུ་བགྲོ་གླེང་བྱེད་པ་དེ་སྣང་བ་སྐྱིད་པ་ཡོང་གི་ཡོད་ཅེས་བཤད་ཡོད་པ་རེད།
སྲིད་གཞུང་གི་ཟུར་སྐྱོར་འོག ལོ་ཁ་ཤས་གོང་། གྲེན་ཅིས་ཧྥང་དང་གྲོང་ཚོའི་དུད་ཁྱིམ་བརྒྱ་ལྷག་གི་ཡུལ་མི་ཚོ་ཚང་མ་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་ཐོག་ཁང་ནང་སྡོད་རྒྱུ་བྱུང་བ་དང་། འཚོ་བ་ཡང་ཇེ་སྐྱིད་དུ་ཕྱིན་ཡོད། གྲེན་ཅིས་ཧྥང་གིས། རང་ཉིད་ལ་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་དང་གྲོང་གསེབ་མཉམ་ལས་སྨན་བཅོས་ཀྱི་ལམ་ལུགས་གསར་པ་སོགས་ཚུད་པའི་རེ་སྒུག་མང་པོ་ཡོད་ཅིང་། ཚོགས་ཆེན་བཅུ་དགུ་པའི་རྗེས་སྲིད་ཇུས་ཇེ་ཡག་ཏུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།

རང་ཁྱིམ་དུ་རླུང་འཕྲིན་སྒྲིག་ཆས་ཉམས་བཟོ་བྱེད་པར་ཡོང་གི་ཡོད་པ་གོ་ཐོས་བྱུང་སྐབས། གྲོང་ཚོར་ཞབས་བྲོ་སྦྱོང་བརྡར་བྱེད་བཞིན་པའི་མ་ཧྲུའུ་ཕིང་གིས་ལམ་སེང་རྒན་ལགས་ལ་དགོངས་པ་ཞུས་ནས་མགྱོགས་པོ་ནང་ལ་ལོག་ཡོད། མ་ཧྲུའུ་ཕིང་གནས་སའི་ཏ་པ་གྲོང་རྡལ་ཝེ་ཆའོ་གྲོང་ཚོར་ཉིན་འདི་དག་ནང་བཀྲ་ཤིས་པའི་བྱ་བ་བྱུང་ཡོད། ཁོ་ཚོ་གནས་སའི་ཉིང་ཤ་ཡིན་ཧོང་ཀུ་ཞིང་ཆུ་འདྲེན་ཁུལ་དེ་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ལེགས་གྲུབ་བྱུང་ཡོད་པས། མ་ཧྲུའུ་ཕིང་གིས་རླུང་འཕྲིན་ནང་དོན་དེ་ཇི་ལྟར་བཤད་ཀྱི་ཡོད་མེད་ཉན་འདོད་བྱུང་ཡོད་པ་རེད།

ཝེ་ཆའོ་གྲོང་ཚོ་ནི་རྨ་ཆུའི་འགྲམ་ངོགས་སུ་གནས་ཡོད་པས། གནའ་ནས་བཟུང་སྤུས་ལེགས་ཆུ་འབྲས་ཐོན་གྱི་ཡོད། རང་བྱུང་གནས་བབ་ཡག་པོ་ཡོད་པ་ཕུད། དེར་ད་དུང་རང་སོ་སོས་འབད་བརྩོན་བྱེད་དགོས། མ་ཧྲུའུ་ཕིང་ནི་གྲོང་ཚོའི་ནང་སྐད་གྲགས་ཡོད་པའི་བུད་མེད་འཇོན་ཐང་ཅན་ཞིག་ཡིན་ཞིང་། དཀའ་སྤྱད་སྡུག་རུས་ཆེ་བས། རང་ཁྱིམ་གྱི་འཚོ་བ་དེ་རོ་བཅུད་ལྡན་པ་ཞིག་སྐྱེལ་ཐུབ་ཡོད། ཁོང་གིས་རླུང་འཕྲིན་ནང་ནས་ཕྱུག་གྱུར་ཐབས་ལམ་ཉན་རྒྱུ་དེ་ཉིན་ལྟར་སྐྱུར་ཐབས་བྲལ་བའི་སྦྱོང་ཚན་ལྟ་བུ་ཡིན་པ་རེད།

མ་ཧྲུའུ་ཕིང་གིས། ངས་ཉིན་ལྟར་ཞོགས་པ་ཡར་ལངས་དུས་སྔོན་ལ་རླུང་འཕྲིན་ཁ་ཕྱེ་བ་དང་། དེ་རྗེས་ལས་ཀ་གཞན་དག་བྱེད་ཀྱི་ཡོད། ང་རང་ཉན་དགའ་ཤོས་ནི་ཤང་གྲོང་རླུང་འཕྲིན་ནང་གི་ཞིང་པའི་སྐོར་གྱི་ལེ་ཚན་ཁག་ཅིག་ཡིན། གོ་ཐོས་ལ་ཉེ་ཆར་ཚོགས་ཆེན་བཅུ་དགུ་པ་འཚོགས་རྒྱུ་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཉན་འདོད་ཆེན་པོ་འདུག་ཅེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།