སྲིད་དོན་དཔྱད་གླེང་གི་ཆེད་སྒྲིག་ལེ་ཚན་ཆེ་གྲས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་ཞེས་པར་སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་ལན་ཆ་བཟང་པོ་བྱུང་བ།
སྤེལ་བའི་དུས་ཚོད། : 2017-10-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༡ཉིན། ལེའུ་བདུན་ཡོད་པའི་སྲིད་དོན་དཔྱད་གླེང་གི་ཆེད་སྒྲིག་ལེ་ཚན་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ནས་མདུན་སྐྱོད་བྱེད་ཞེས་པ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཐོག་ཚང་མ་བསྟན་ཟིན་ཡོད་པ་རེད། ལེ་ཚན་དེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་གནང་ནས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར། དཀའ་སྤྱད་འབད་འཐབ་བྱེད་པའི་བརྗིད་ཉམས་ཆེ་བའི་བརྒྱུད་རིམ་མངོན་པར་བྱས་ཡོད། ཆེད་སྒྲིག་ལེ་ཚན་དེ་བསྟན་པའི་རྗེས། སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད།

སྤྱི་ཚེས་༡༡ཉིན་གྱི་དགོང་མོ། ཧ་ནན་ལོ་ཧ་ལའོ་ཅད་དོན་གཅོད་ཁྲུའུ་ཧྲའུ་ཞང་ལམ་སྡེ་ཁུལ་གྱིས་ཏང་ཡོངས་དང་ལས་བྱེད་པ། མང་ཚོགས་བཅས་ཚང་མ་སྒྲིག་འཛུགས་བྱས་ནས་སྲིད་དོན་དཔྱད་གླེང་གི་ཆེད་སྒྲིག་ལེ་ཚན་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་ཞེས་པའི་ལེའུ་བདུན་པ་སྟེ། དུས་ནམ་ཡང་དུས་རབས་ཀྱི་མདུན་དུ་སྐྱོད་ཅེས་པར་བལྟས་ཡོད་པ་དང་། སྡེ་ཁུལ་གྱི་ཀྲུའུ་རེན་ཅིང་ཧའེ་ཡན་གྱིས། སླད་ཕྱིན་གྱི་ལས་ཀའི་ཁྲོད། མང་ཚོགས་ནས་བསམ་བློ་གཏོང་བ་དང་རེ་སྒུག་བྱེད་པའི་གནད་དོན་ཨང་དང་པོར་འཇོག་དགོས། ལྷག་པར་དུ་སྡེ་ཁུལ་གྱི་དྲ་བ་ཅན་གྱི་གསར་གཏོད་ལས་དོན་ཁྲོད། ང་ཚོའི་སྡེ་ཁུལ་གྱི་སྤྱི་ཕན་ལ་དགའ་བའི་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ནས། རིགས་ཁག་གི་མང་ཚོགས་ཚོགས་པའི་སྒྲིག་འཛུགས་བཙུགས་ཡོད་པ་དང་། མཉམ་དུ་མང་ཚོགས་ཀྱི་མཐའ་མའི་སྤྱི་ལེ་གཅིག་གི་གནད་དོན་ཐག་གཅོད་དང་ཞབས་ཞུ་ཡག་པོ་བྱས་ཏེ། མང་ཚོགས་དེ་བས་བློ་ཡིད་ཚིམས་པ་ཡོང་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཉིན་ཤས་བསྟུད་མར། ཅང་ཞི་དབྱིང་ཐན་གྲོང་ཁྱེར་གྱི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ནས་རྒྱུན་མཐུད་ངང་ཆེད་སྒྲིག་ལེ་ཚན་དེར་གཟིགས་ཡོད་པ་རེད། དབྱིང་ཐན་གྲོང་ཁྱེར་ཅང་པན་སྲང་ལམ་དོན་གཅོད་ཁྲུའུ་ཡི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ལས་གཉེར་ཁྲུའི་ཀྲུའུ་རེན་ཡང་ཀོང་ཐའེ་ཡིས། འགན་འཁྲི་ལྗི་པོ་འཁུར་ཕོད་པའི་སྲིད་ཏང་ཞིག་གིས། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཚེ། གཞི་ནས་དུས་ནམ་ཡང་དུས་རབས་ཀྱི་མདུན་དུ་སྐྱོད་ཐུབ། ཏང་གི་ཚོགས་ཆེན་༡༨པ་ཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆེས་དོ་འཁུར་བྱེད་པའི་བྱ་དོན་ནས་དམ་འཛིན་བྱས་ཏེ། དམངས་འཚོར་ཕན་པ་སྤྲོད་པའི་སྲིད་ཇུས་བཟང་པོ་དང་སྒྱུར་བཅོས་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་པས། ང་ཚོའི་གཞི་རིམ་ཏང་ཡོན་ལས་བྱེད་པས་ཁ་ཕྱོགས་བརྟན་པོ་འཛུགས་པ་དང་། དར་ཆ་མཐོར་སྒྲེང་ངང་ཏང་གི་རྗེས་སུ་འབྲངས་རྒྱུར་སྐུལ་མ་བཏང་ཡོད་ཅེས་གསུངས་ཡོད་པ་རེད།

ཆེད་སྒྲིག་ལེ་ཚན་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་ཞེས་པར་གཟིགས་རྗེས། ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཝང་ཞའོ་ཀྭང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ལི་ཚང་ཁུལ་ནི་ཆིང་ཏའོ་ཡི་ཕྱི་ནས་ལས་ཀར་ཡོང་མཁན་ལས་མིའི་བུ་ཕྲུག་སློབ་གྲྭར་སྐྱོད་པའི་དགོས་འཁོ་ཆེས་གཅིག་བསྡུས་བྱས་པའི་ས་ཁུལ་ཞིག་ཡིན་པ་དང་། ལོ་ལྔའི་ནང་ཚུན། སྲིད་ཇུས་ཀྱི་ཟུར་སྐྱོར་དང་ས་གནས་དེ་གའི་འབད་བརྩོན་འོག ལི་ཚང་ཁུལ་དེ་ཉིད་སློབ་གསོ་པུའི་ཁག་དང་པོའི་འོས་འགན་སློབ་གསོ་དོ་སྙོམས་གོང་འཕེལ་གྱི་རྫོང་ཁུལ་ཞིག་ལ་འགྱུར་ཡོད་པ་རེད། ཝང་ཞའོ་ཀྭང་གིས། སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ང་རང་གིས་བྱང་ཚད་སློབ་གསོ་འཐུས་ཚང་དུ་གཏོང་བ་དང་། སློབ་གསོ་དོ་སྙོམས་ཅན་གོང་འཕེལ་མངོན་འགྱུར་ཡོང་བའི་ཆེད་ང་ཚོ་གཞི་རིམ་ནས་ལེགས་སྐྱེས་ཟམ་མི་ཆད་པ་འབུལ་རྒྱུ་ཡིན་པ་དང་། འབད་བརྩོན་ཆེན་པོས་སྤུས་ལེགས་དང་དོ་སྙོམས་ཀྱི་སློབ་གསོ་དེ་ཁྱིམ་ཚང་ཚང་མར་བདེ་སྐྱིད་ཚོང་སྣང་ཡོང་བའི་ཕུགས་བསམ་གྱི་བྱ་བར་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། དབང་འདུས།