ཡིད་ཆེས་དང་སྒོ་དབྱེ། ཞིབ་ཚགས་པ་བཅས་ཏེ། ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་བེད་སྤྱོད་བཏང་བའི་ཉིན་དང་པོའི་མགྱོགས་བྲིས།
སྤེལ་བའི་དུས་ཚོད། : 2017-10-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ།ཏང་གི་ཚོགས་ཆེན་བཅུ་དགུ་པ་སྐོང་འཚོགས་བྱེད་གྲབས་ཡོད་པའི་མཚམས་འདིར། པེ་ཅིང་མེ་ཏི་ཡ་གསོལ་མགྲོན་ཁང་དུ་བཀོད་སྒྲིག་བྱས་པའི་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་སྤྱི་ཚེས་11ཉིན་བཟུང་ཕྱི་ཕྱོགས་ལ་ཞབས་ཞུ་སྒྲུབ་འགོ་ཚུགས་ཡོད། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་གལ་ཆེའི་སྟེགས་བུ་དང་ཐབས་ལམ་དེ་བརྒྱུད་ཚོགས་ཆེན་གྱི་རྣམ་པ་ཚོར་ཐུབ་རྒྱུ་དང་ཚོགས་ཆེན་གྱི་ཆ་འཕྲིན་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་རེད།

སྤྱི་ཚེས་11ཉིན་གྱི་ཞོགས་པ་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་རྒྱལ་སྒོ་ཕྱེ་མ་ཐག ཤང་གང་སྐུད་མེད་བརྙན་འཕྲིན་ལས་ཁུངས་ནས་ཡིན་པའི་བུད་མེད་གསར་འགོད་པ་ཁྲེན་དབྱི་སི་གསར་འགོད་པའི་སྣེ་ལེན་ཁྲུའུ་རུ་ལག་ཁྱེར་ལེན་པར་ཡོང་བས། བཅར་འདྲིའི་ལག་ཁྱེར་རག་པའི་ གསར་འགོད་པ་དང་པོ་དེར་གྱུར་ཡོད། གསར་འགྱུར་ལྟེ་གནས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་སླེབས་དུས་ཕྱི་རྒྱལ་གྱི་གསར་འགོད་པ་1800ལྷག་གིས་ཚོགས་ཆེན་བཅུ་དགུ་པའི་བཅར་འདྲིའི་འགོད་སྤེལ་ལས་དོན་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད་པས། ཚོགས་ཆེན་བཅོ་བརྒྱད་སྐབས་དང་བསྡུར་ན་མི་གྲངས་བརྒྱ་ཙམ་མང་དུ་ཕྱིན་ཡོད། ལྷག་པར་དུ་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་གསར་འགོད་པས་འཚང་ཁ་ཤིག་ཤིག་ངང་མིང་ཐོ་འགོད་ཡོད་པ་རེད།

དམར་མདོག་ཅན་གྱི་རྒྱ་ཡིག་དང་དབྱིན་ཡིག་གི་གསར་འགོད་པའི་བཅར་འདྲིའི་ཞབས་ཞུའི་ཕྱོགས་སྟོན་དང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་བཅར་འདྲི་བྱེད་རྒྱུར་དགའ་བསུ་ཞུ་བའི་དམར་མདོག་འཕྲེད་འགེལ་སྦྱར་ཡིག་དང་གློག་རྡུལ་བརྙན་མཐོང་། དེ་བཞིན་གསར་བརྗེའི་རྒྱབ་ལྗོངས་ཀྱི་མཛུབ་སྟོན་བྱང་བུ་སོགས་གསར་འགྱུར་ལྟེ་གནས་ཀྱིས་བཅར་འདྲི་བྱེད་པར་ཡོང་བའི་གསར་འགོད་པར་སྤྲོ་སེམས་འཁོལ་ལ་ཞིབ་ཅིང་ཕྲ་བའི་ཞབས་ཞུ་སྒྲུབ་རྒྱུ་ཡིན་པ་རེད།

གསར་འགོད་པས་གསར་འགྱུར་ལྟེ་གནས་ནས་མཐོང་བར། འདི་གར་ནུས་མང་ཁུལ་མང་པོ་བཀོད་སྒྲིག་བྱས་ཏེ། གསར་འགོད་པར་གསར་འགྱུར་ཡོངས་བསྒྲགས་དང་པར་རིས་ཀྱི་དཔྱད་གཞིའི་ཡིག་ཆ། དྲ་བའི་ཞབས་ཞུ། སྨན་བཅོས་ཞབས་ཞུ་སོགས་མཁོ་འདོན་བྱས་ཏེ། ཕྱོགས་ཡོངས་ནས་གསར་འགོད་པའི་བཅར་འདྲི་བདེ་བླག་ཡོང་རྒྱུ་འགན་ལེན་བྱེད་ཀྱི་ཡོད་པ་རེད།

ཚོགས་ཆེན་བཅོ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་ཀྲུའུ་རེན་ཧུའུ་ཤའོ་ཧན་གྱིས། སྐབས་གོང་མ་དང་བསྡུར་ན་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་དྲ་བ་དང་སྨྱན་སྦྱོར་གསར་པའི་ཞབས་ཞུ་མཁོ་འདོན་བྱེད་པའི་ཐད་བྱ་ཐབས་གསར་པ་ཁག་ཅིག་ཁ་སྣོན་རྒྱབ་ཡོད། གསར་འགྱུར་ལྟེ་གནས་ཀྱིས་མཉེན་ཆས་མ་ལག་དང་མཁྲེགས་ཆས་ཕྱོགས་ཁག་གཉིས་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད་ཅེས་བསྟན་ཡོད་པ་རེད།

གསར་འགྱུར་ལྟེ་གནས་ཀྱི་ཐོག་རྩེགས་གསུམ་པར། གསར་འགོད་པ་ད་ལོ་ཐེངས་དང་པོར་བཀོད་སྒྲིག་བྱས་པའི་སྨྱན་སྦྱོར་མཉམ་འདྲེས་བགྲོ་གླེང་ཁང་ནང་སླེབས་ཡོད། སྨྱན་སྦྱོར་ཚན་པ་ཁག་སྨྱན་སྦྱོར་མཉམ་འདྲེས་འཚོལ་བསྡུ་དང་གསར་འགྱུར་གཏོང་སྤེལ་ཐད་ཀྱི་དགོས་མཁོ་སྐོང་ཐུབ་ཆེད། དམིགས་སུ་བཀར་ནས་བགྲོ་གླེང་ཁང་དེ་མཁོ་འདོན་བྱས་ཡོད། ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འདི་གར་ཡོད་པའི་སྐུད་ཡོད་བརྒྱུད་གཏོང་གི་དྲ་སྣེས་དགོས་མཁོ་མི་འདྲ་བའི་གསར་འགོད་པ་ཉི་ཤུ་དུས་གཅིག་ཏུ་བརྙན་མཐོང་ཐད་གཏོང་ལེ་ཚན་སྒྲིག་བཟོ་བྱེད་ཆོག་གི་ཡོད། དེ་མིན་འདི་གར་ད་དུང་སྐུད་མེད་དྲ་བ་ཡོངས་སུ་ཁྱབ་ཡོད་པས། དྲྭ་སྐུད་འབྲེལ་མཐུད་བྱེད་མི་དགོས་པར་བདེ་བླག་ངང་ལེ་ཚན་བརྒྱུད་གཏོང་བྱེད་ཆོག་གི་ཡོད་པ་རེད།

གསར་འགོད་པར་དོ་སྣང་བྱུང་བར། གསར་འགྱུར་ལྟེ་གནས་ཀྱི་སེམས་རྩ་འཁོལ་བའི་ཐེངས་དང་པོ་མང་པོས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་བཅར་འདྲིའི་ལས་དོན་ལ་སྟབས་བདེ་མང་པོ་སྐྲུན་ཡོད།
དེ་ཡང་དང་པོ། ཐེངས་དང་པོར་སྐད་འཕྲིན་སྤྱི་སྟེགས་ཤར་གཏོང་བྱས་ཡོད་པས། གསར་འགོད་པས་འགུལ་སྐྱོད་རྣམ་པའི་ཐོག དུས་ཐོག་ཏུ་གསར་འགྱུར་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི་ཚོགས་ཆེན་གྱི་གྲོས་རིམ་དང་འགུལ་རྣམ། སྤྱི་བསྒྲགས། བརྡ་ཐོ། དེ་བཞིན་འབྲེལ་ཡོད་ཆ་འཕྲིན་གྱི་དཔྱད་གཞིའི་ཡིག་ཆ་བཅས་བསྡུ་ལེན་བྱེད་ཆོག་གི་ཡོད་པ།

གཉིས་པ། ཐེངས་དང་པོར་གསར་འགོད་པ་མིང་ཐོ་འགོད་པའི་མ་ལག་གསར་སྤེལ་བེད་སྤྱོད་བྱས་ནས། ཕྱི་རྒྱལ་དང་ཤང་གང་དང་ཨའོ་མན། ཐེ་ཝན་བཅས་གསར་འགྱུར་ཚན་པའི་གསར་འགོད་པ་བཅར་འདྲིར་ཡོང་རྒྱུའི་མིང་ཐོ་འགོད་པའི་རེ་ཞུ་དང་ལེན་བྱས་ཡོད།

གསུམ་པ། ཐེངས་དང་པོར་ཕྱི་རྒྱལ་གྱི་གསར་འགོད་པའི་བཅར་འདྲིའི་རེ་ཞུའི་མ་ལག་གསར་སྤེལ་བེད་སྤྱོད་བྱས་པས། གསར་འགོད་པས་མ་ལག་བརྒྱུད་བཅར་འདྲིའི་རེ་ཞུ་འབུལ་ཆོག་པ་མ་ཟད་དྲ་ཐོག་ནས་བདག་སྤྲོད་གནས་ཚུལ་འཚོལ་བཤེར་བྱེད་ཆོག་གི་ཡོད་པ།

བཞི་པ། མཁྲེགས་ཆས་དང་ལག་རྩལ་གྱི་འགན་སྲུང་ཕུད། གསར་འགྱུར་ལྟེ་གནས་ཀྱིས་ད་དུང་གསར་འགོད་པར་སྣེ་མང་ཕུན་སུམ་ཚོགས་པའི་གསར་འགྱུར་གྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་ཡོད། སྐབས་གོང་མ་དང་བསྡུར་ན། ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གཉེར་རྒྱུའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་དང་མཉམ་སྡེབ་བཅར་འདྲི་སོགས་བྱེད་སྒོའི་ཁ་གྲངས་མངོན་གསལ་དོད་པོས་མང་དུ་བཏང་ཡོད། ད་དུང་གསར་འགོད་པ་པེ་ཅིང་དང་མཐའ་འཁོར་གྲོང་ཁྱེར་དུ་ལྟ་སྐོར་དང་བཅར་འདྲིའི་བྱེད་སྒོའི་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཏེ། བར་ཐག་ཉེ་པོའི་ཐོག་ནས་ཀྲུང་གོར་ཤེས་རྟོགས་དང་ཀྲུང་གོ་གུང་ཁྲན་ཏང་ལ་ཤེས་རྟོགས་ཡོང་བ་བྱ་རྒྱུ་ཡིན་པ་རེད།

ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་དོ་ཁུར་ཆེ་ཤོས་བྱ་ཡུལ་ཞིག་ཡིན། ངོ་སྤྲོད་བྱས་པར་གཞིགས་ན། ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པར་རྒྱ་ཡིག་དང་དབྱིན་ཡིག ཧྥ་རན་སིའི་ཡི་གེ སི་ཕན་གྱི་ཡི་གེ ལྗར་པན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ འཇར་མན་གྱི་ཡི་གེ་སོགས་ཡིག་རིགས་མི་འདྲ་བ་12ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཟིན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

འགྱུར་ལྡོག་དེ་དག་ལས་ཕྱོགས་གཞན་ཞིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཡིད་ཆེས་དང་སྒོ་དབྱེའི་རྣམ་པ་མངོན་ཡོད པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།