རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་མི་སྣའི་སྐད་བརྡའི་རིག་གནས་སྲིད་ཇུས་སློབ་གསོའི་ཞབས་ཞུ་ལས་དོན་གྱི་ལས་ཡུལ་དངོས་ཀྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
སྤེལ་བའི་དུས་ཚོད། : 2017-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༩པའི་ཚེས་༡༡ཉིན་ནས་ཚེས་༡༢ཉིན་བར། རྒྱལ་ཡོངས་གྲངས་ཉུང་མི་རིགས་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་མི་སྣའི་སྐད་བརྡའི་རིག་གནས་སྲིད་ཇུས་སློབ་གསོའི་ཞབས་ཞུ་ལས་དོན་གྱི་ལས་ཡུལ་དངོས་ཀྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས་ཡོད་པ་རེད། གྲོས་ཚོགས་ཐོག་ཡུས་ཀྲེང་ཀྲེང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་གལ་ཆེའི་མཆན་བཀོད་མཛུབ་སྟོན་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་། པེ་ཅིང་གྲོང་ཁྱེར་གྱིས་པེ་ཅིང་དུ་ལས་ཀ་བྱེད་པར་ཡོང་མཁན་ཡུ་གུར་རིགས་མང་ཚོགས་ཀྱི་སྐད་བརྡའི་རིག་གནས་སྲིད་ཇུས་སྦྱོང་བརྡར་འཛིན་གྲྭ་གཉེར་བའི་ཉམས་མྱོང་ཁྱབ་གདལ་བཏང་བ། ས་གནས་ཁག་གི་བྱེད་སྟངས་དང་ཕན་ནུས་ཕྱོགས་བསྡོམས་སྤེལ་རེས། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་ནས། གྲངས་ཉུང་མི་རིགས་ཀྱི་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་མི་སྣའི་སྐད་བརྡའི་རིག་གནས་སྲིད་ཇུས་ཀྱི་སློབ་གསོ་ཞབས་ཞུའི་ལས་དོན་སྐས་རིམ་གསར་པར་འཛེགས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཏང་ཙུའུ་ཡི་ཧྲུའུ་ཅི་པ་ཐར་གྱིས། གྲོང་ཁྱེར་གྱི་མི་རིགས་ལས་དོན་ཐད། གྲངས་ཉུང་མི་རིགས་ཀྱི་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་མང་ཚོགས་ཀྱི་སྐད་བརྡའི་རིག་གནས་སྲིད་ཇུས་སློབ་སྦྱོང་བྱེད་པ་ནས་འགོ་བརྩམས་ཏེ། འགོ་ཁྲིད་ལ་ཤུགས་སྣོན་རྒྱབ་པ་དང་། སྐུལ་འདེད་ཏན་ཏིག་བཏང་ནས། ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་མང་པོ་བསགས་ཡོད་པ་དང་། སྔོན་ཐོན་དཔེ་མཚོན་འབོར་ཆེན་གསར་གཏོད་བྱས་ཡོད་པས། དེ་ནི་ཕྱོགས་བསྡོམས་ནན་ཏན་བྱེད་འོས་པ་ཞིག་རེད། དེ་ཡང་གཅིག་ནི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ཁྲིད་ཕྱོགས་ཐོག་ནས། མི་རིགས་ཁག་གི་མང་ཚོགས་གྲོང་ཁྱེར་ནང་མཉམ་སྡོད་མཉམ་སྦྱོང་དང་མཉམ་ལས་མཉམ་སྤྲོ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནི་སྐད་ཆ་ཕན་ཚུན་གོ་བརྡ་འཕྲོད་པར་བྱེད་པའི་འགག་རྩའི་ལྷུ་ཚིགས་དེ་དམ་འཛིན་བྱས་ནས། མི་རིགས་ཁག་གི་མང་ཚོགས་བར་མཛའ་སེམས་གཅིག་འབྲེལ་དང་། སེམས་ཁམས་གཅིག་འབྲེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནི་སྲིད་ཇུས་ཁྲིམས་སྲོལ་སློབ་གསོ་གཏོང་བའི་རྨང་གཞིའི་ལས་གཞི་དེ་དམ་འཛིན་ཡག་པོ་བྱས་ནས། གྲོང་ཁྱེར་ནང་ལས་ཀ་བྱེད་པར་ཡོང་མཁན་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་སྒྲིག་སྲུང་ཁྲིམས་སྲུང་དང་། སྟངས་འཛིན་ཡོད་པའི་ཐོག་ནས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས་པ། བཞི་ནི་དམངས་འཚོར་ཞབས་འདེགས་ཞུ་བའི་གཙོ་གནད་འབུར་དུ་ཐོན་པ་བྱས་ནས། གྲངས་ཉུང་མི་རིགས་ཀྱི་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་མང་ཚོགས་ཀྱི་ལས་ཞུགས་ལས་སྐྲུན་གྱི་ནུས་པ་དང་སེམས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། ལྔ་ནི་དཔེ་མཚོན་གྱིས་ལམ་སྣེ་འཁྲིད་པའི་ལས་ཀའི་བྱེད་སྟངས་རྒྱུན་འཁྱོངས་བྱས་ནས། སྔོན་ཐོན་མི་སྣ་དང་དཔེ་བཟང་མི་སྣའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་བཅས་ཡིན་ཞེས་བསྟན་ཡོད་པ་རེད།

ཤིན་ཅང་གི་པེ་ཅིང་དུ་ལས་ཀ་བྱེད་པར་ཡོང་མཁན་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་སྐད་བརྡའི་རིག་གནས་སྲིད་ཇུས་སློབ་སྦྱོང་འཛིན་གྲྭ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱབ་སྐྱོར་བྱས་པའི་འོག པེ་ཅིང་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲིག་གཉེར་བྱས་ཤིང་། ཤིན་ཅང་གི་པེ་ཅིང་དུ་ལས་ཀ་བྱེད་པར་ཡོང་མཁན་གྲངས་ཉུང་མི་རིགས་མང་ཚོགས་ལ་དམིགས་བསལ་དོ་ཁུར་བྱེད་པའི་གཅེས་སེམས་འབུལ་བའི་བྱ་སྤྱོད་ཅིག་ཡིན་པ་རེད། འཛིན་གྲྭ་གཉེར་ཐེངས་གཉིས་ལ་ཁྱོན་མི་༥༠ལྷག་ཙམ་ཞུགས་ཡོད་པ་དང་། རྒྱ་སྐད་སློབ་ཁྲིད་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་མ་ཚོའི་སེམས་ཤུགས་ཆེ་རུ་སོང་བ་དང་། མཐོང་རྒྱ་ཆེ་རུ་སོང་ནས། སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་གྱི་འཚོ་བར་མཉམ་འདྲེས་བྱེད་རྒྱུར་ཕན་ཐོགས་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།