ནོར་སྲིད་པུས་རང་རྒྱལ་གྱིས་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་གྱི་ཁ་གསབ་ཕྱིར་སྤྲོད་སྲིད་ཇུས་ཁ་གསལ་བཟོས་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2017-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་། ནོར་སྲིད་པུའི་དཔོན་རིགས་ཀྱིས། རང་རྒྱལ་གྱིས་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་གྱི་ཁ་གསབ་ཕྱིར་སྤྲོད་སྲིད་ཇུས་ཁ་གསལ་བཟོས་ནས་ཐོན་ནུས་ལྷག་མ་ཐོན་རྒྱུར་སྔོན་འགོག་བྱེད་དགོས་ཀྱི་ཡོད་ཅེས་བསྟན་འདུག

རང་རྒྱལ་དུ་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ཐོན་ལས་་གོང་འཕེལ་གཏོང་བར་་ནོར་ཁྲལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་ནུས་ལྡན་བྱེད་རྒྱུ་ཁ་བྲལ་ཐབས་མེད། ནོར་སྲིད་པུའི་དཔལ་འབྱོར་འཛུགས་སྐྲུན་སིའི་སི་ཀྲང་གཞོན་པ་སུང་ཆིའུ་ལིང་གིས། ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ཁྲོམ་ར་གོང་འཕེལ་གཏོང་བའི་ཐོག་མའི་དུས་རིམ་ནང་ནོར་སྲིད་ཁ་གསབ་ནི་འཛད་སྤྱོད་ལ་སྐུལ་ལྕག་གཏོང་བའི་བྱ་ཐབས་ཡག་ཤོས་དེ་ཡིན་པས་ནོར་སྲིད་པུས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ནོར་སྲིད་སྲིད་ཇུས་མ་ལག་ཆ་ཚང་ཞིག་བཟོས་ཡོད་ཅེས་གསུངས་འདུག

སུང་ཆིའུ་ལིང་གིས། མ་འོངས་པའི་ནུས་པའི་འབྱུང་ཁུངས་རླངས་འཁོར་གྱི་འགྲན་རྩོད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པས་རང་རྒྱལ་འདི་ཉིད་རླངས་འཁོར་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་ཕུག་འདུན་མངོན་འགྱུར་ཡོང་དགོས་ན་ངེས་པར་ཏུ་མིག་སྔའི་གོང་འཕེལ་འགྲོ་ཚུལ་ལེགས་པའི་རྨང་གཞིའི་ཐོག་དུས་ཐོག་ཏུ་སྲིད་ཇུས་བྱ་ཐབས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་ཀྱི་གསར་སྐྲུན་གསོན་ཤུགས་དང་སྒུལ་ཤུགས་ལ་སྐུལ་སློང་སྔར་ལས་ལྷག་པ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐྱིད་པོ།