གཟི་རྩ་སྡེ་དགུའི་ས་ཡོམ་གནོད་འཚེའི་ཁུལ་དུ་དྲག་ཆས་ཉེན་རྟོག་དཔུང་སྡེས་བགྲོད་ལམ་ཤར་གཏོང་ཐུབ་མེད་པའི་མཐའ་མཇུག་གི་ལམ་བུ་དེ་ཤར་གཏོང་ཐུབ་པ།
སྤེལ་བའི་དུས་ཚོད། : 2017-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༢ཉིན་གཟི་རྩ་སྡེ་དགུའི་ས་ཡོམ་གནོད་འཚེའི་ཁུལ་དུ་དྲག་ཆས་ཉེན་རྟོག་དཔུང་སྡེས་བགྲོད་ལམ་ཤར་གཏོང་ཐུབ་མེད་པའི་མཐའ་མཇུག་གི་ལམ་བུ་དེ་ཤར་གཏོང་ཐུབ་པ་མ་ཟད་མི་མེད་གནམ་གྲུ་སྤྱད་དེ་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་རྒྱུར་རྩད་ཞིབ་བྱས་ཡོད་པ་རེད། གསར་འགོད་པ་སུན་ཙུང་ཕེང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གཟི་རྩ་སྡེ་དགུའི་ས་ཡོམ་གནོད་འཚེའི་ཁུལ་གྱི་གཙང་རྩ་གྲོང་བརྡལ་ནས་སྟག་ལོ་ཤང་བར་ལམ་ཐག་ལ་སྤྱི་ལེ་དགུ་ཡོད་པ་རེད། ས་འཕུལ་ས་འདྲུའི་འཕྲུལ་འཁོར་ཆེ་རིགས་ཀྱིས་ས་ཡོམ་ཁྲོད་ཉིལ་བའི་ས་ཕུང་མཐའ་མ་དེ་སྙོམས་པ་དང་བསྟུན་ནས་ས་ཡོམ་ཁྲོད་དགོན་གོང་གྲོང་སྡེ་ནས་སྟག་ལོ་ཤང་བར་གྱི་སྤྱི་ལེ་༧༡ཡོངས་སུ་ཤར་གཏོང་ཐུབ་པ་དང་དེས་གཟི་རྩ་སྡེ་དགུའི་ས་ཡོམ་གནོད་འཚེའི་ཁྲོད་ཉིལ་བའི་ལམ་བུ་ཡོངས་རྫོགས་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད་པ་རེད།

ལས་ཡུལ་དངོས་ཀྱི་བཀོད་འདོམས་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་འགྲིམ་འགྲུལ་ཡན་ལག་རུ་ཁག་གསུམ་པའི་རུ་དཔོན་ཧོང་ལི་ཝུའུ་ཡིས། དཔོན་དམག་ཚོས་ཡོམ་ལྷག་དང་ས་རྡོ་ཉིལ་བའི་ཉེན་ཁར་མི་བལྟོས་པར་ཆུ་ཚོད་༢༦རིང་བསྟུད་མར་དཀའ་སྤྱད་འབད་ཐབས་བྱས་པ་བརྒྱུད་གཏན་འབེབས་བྱས་པའི་དུས་ཚོད་ལས་ཉིན་གཅིག་གི་སྔ་སྣུར་དུ་ལམ་ཤར་གཏོང་ཐུབ་པ་དང་སྟག་ལོ་ཤང་དུ་ལུས་འདས་པའི་མང་ཚོགས་༢༠༠༠ལྷག་ལ་མྱུར་སྐྱོབ་གནོད་སེལ་དངོས་རྫས་གང་མགྱོགས་སྐྱེལ་ཐུབ་པ་བྱུང་ཡོད།

གཟི་རྩ་སྡེ་དགུ་ནི་རང་བྱུང་རིག་གནས་ཤུལ་བཞག་གི་མཛེས་ལྗོངས་ཁུལ་ཞིག་ཡིན་པས་ང་ཚོས་དེའི་སྐྱེ་ཁམས་ལ་གཏོར་བཤིག་གང་བྱུང་གཏོང་ཉན་གྱི་མེད། རྡོ་རིལ་བ་དང་རི་ཉིལ་བ་སོགས་ཀྱི་ས་རོ་རྡོ་རོ་གང་བྱུང་དབྱུག་མི་ཉན་པས་སྟབས་བསྟུན་ལམ་གྱི་རྣམ་པའི་ཐོག་ནས་རླངས་འཁོར་འགྲོ་བསྐྱོད་ལ་འགན་ལེན་བྱས་པ་དང་ང་ཚོས་དུས་ཐོག་ལ་གཙང་སེལ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

གསར་འགོད་པ་ཤའོ་ཤི་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དྲག་ཆས་ཉེན་རྟོག་གསེར་འདོན་དཔུང་སྡེའི་དཔོན་དམག་ཚོས་ཐེངས་དང་པོར་གནོད་འཚེའི་ཁུལ་གྱི་མཁའ་དབྱིངས་སུ་མི་མེད་གནམ་གྲུ་བཏང་ནས་གནོད་འཚེའི་ཁུལ་གྱི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༨༥སར་ལྟ་ཞིབ་ཚད་ལེན་དང་མཁའ་ཐོག་ནས་པར་ལེན་བྱས་པ་དང་། ཞོར་ཐོན་གནོད་འཚེ་ཐོན་ཁུལ་གྱི་ཁྱབ་ཁོངས་ལ་ས་ཐིག་བཀོད་ཡོད་པ་རེད། དྲག་ཆས་ཉེན་རྟོག་གསེར་འདོན་དཔུང་སྡེའི་ཡན་ལག་རུ་ཁག་བཅུ་གཉིས་ཀྱིས་རུ་དཔོན་ཡུས་ཅིན་ཡོན་གྱིས། མི་མེད་གནམ་གྲུ་དུས་གཏན་ཆུ་ཚོད་གསུམ་རེར་སྐོར་ཞིབ་ཐེངས་རེ་བྱེད་པ་དང་འཕུར་བསྐྱོད་ཀྱི་མཐོ་ཚད་སྨི་༤༢༠༠ནས་༤༥༠༠བར་ཟིན་པ་དང་། མཁའ་དབྱིངས་ནས་པར་ལེན་བྱས་པ་ཐད་འདྲེན་པར་རིས་སམ་ཡང་ན་ཚད་གཟུང་ལང་གཟུགས་སུ་གྲུབ་པས་གནོད་སེལ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་ལ་བཀོད་འདོམས་བྱེད་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།

མིག་སྔར་དྲག་ཆས་ཉེན་རྟོག་གསེར་འདོན་དཔུང་སྡེས་གནོད་འཚེའི་ཁུལ་དུ་ས་གཤིས་གྲངས་གཞི་གསར་ཤོས་འཚོལ་བསྡུ་བྱས་པ་དང་དྲག་ཆས་ཉེན་རྟོག་གསེར་འདོན་དཔུང་སྡེའི་སྤྱི་ཁྱབ་རུ་ཁག་གསུམ་པས་ས་གཤིས་རིགས་གཅིག་མཁས་པ་གསུམ་མངགས་གཏོང་བྱས་ནས་རོགས་སྐྱོབ་དཔུང་སྡེའི་གནས་སྐབས་བཅའ་སྡོད་མཐའ་འཁོར་གྱི་ས་གཤིས་ཀྱི་གནོད་འཚེར་ཡོངས་བཤེར་བྱེད་རྒྱུ་དང་བཅའ་སྡོད་ཁུལ་གྱི་བདེ་འཇགས་ལ་འགན་ལེན་བྱེད་རྒྱུ་ཡིན་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།