དཀའ་སྤྱད་འབད་འཐབ་ཀྱི་ལོ་ངོ་ལྔ་སྟེ། ངས་ཕ་ཡུལ་གྱི་རི་ཆུར་བཅངས་པའི་བརྩེ་དུང་།
སྤེལ་བའི་དུས་ཚོད། : 2017-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འདི་རིང་གི་ལེ་ཚན་ནང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ལེའུ་ཧྥེ་དང་ཀོ་ཁྲང་ཅང་གིས་ཉིང་ཤ་ཀུ་ཡོན་ནས་འགོད་སྤེལ་ཞུས་པའི་ངས་ཕ་ཡུལ་གྱི་རི་ཆུར་བཅངས་པའི་བརྩེ་དུང་ཞེས་པ་དེ་ཞུ་གི་ཡིན།
སྤྱི་ཟླ་བདུན་པའི་ཚེས་གཅིག་ཉིན་དེ་ཤེས་རྟོགས་ཐུབ་བྱུང་། ལྕགས་རྐུད་ཀྱིས་དམ་འདུག ཡིན་ནའི་མི་འཇུ་ཐུབ་མི་བྱུང་ཞེས་མོང་ཝང་ཕིང་གིས་གསར་འགོད་པས་བཤད་ཡོད།

མོང་ཝང་ཕིང་ནི་ཉིང་ཤ་ལེའུ་ཕན་ཧྲན་རི་བོའི་ནགས་ཁུལ་ཧྥོང་ཐའེ་ནགས་རའི་ནེའུ་ཐའུ་ཀའུ་ནགས་སྲུང་ས་ཚིགས་ཀྱི་ནགས་སྲུང་པ་གསུམ་གྱི་གྲས་ཤིག་རེད། སྤྱི་ལོ་༢༠༠༢ལོར། མོང་ཝང་ཕིང་ཤིང་ཆ་རྐུ་མ་རྒྱབ་མཁན་བས་གྲིས་རྨས་སྐྱོན་བཏང་བ་དང་ལྟག་ཁུང་དུ་འཚེམ་པ་བདུན་བརྒྱབ་ཡོད། སྤྱི་ལོ་༢༠༠༤ལོར། ཡང་ཤིང་ཆ་རྐུ་མ་རྒྱག་མཁན་གྱིས་ཐེ་བོང་བཅག་ཡོད། ཁོང་གི་ཁྱིམ་ཚང་གི་མི་རབས་གསུམ་པོ་ཚང་མ་ནགས་སྲུང་ལས་དོན་ནང་བཞུགས་ཡོད། ནགས་སྲུང་པར་འཕྲད་སྲིད་པའི་ཉེན་ཁ་ཚང་མ་ཁོང་གི་ཆུང་དུས་ནས་ཤེས་ཀྱི་ཡོད། ལོ་ངོ་ཉི་ཤུའི་རིང་། ཁོང་གིས་ཁྱོན་རྫས་མདའ་བཅུ་གཉིས་དང་སྟ་རེ་སུམ་བརྒྱ་ལྷག་ཙམ་དང་། གློག་གི་སོག་ལེ། ཐག་པ་སོགས་གྲངས་ལས་འདས་པ་གཞུང་བཞེས་བཏང་ཡོད། ཁོང་གིས་རི་དྭགས་མང་པོ་ཁོང་ཚོས་བསད་པ་མཐོང་དུས་སེམས་ཧ་ཅང་གི་སྐྱོ་པོ་ཞེ་དྲག་འདུག་ཅེས་བཤད་ཡོད།

ཉེ་འཁོར་གྱི་མང་ཚོགས་རྣམས་ནགས་རིར་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་། སྤྱི་ལོ་༢༠༠༠ལོར། རྒྱལ་ཁབ་རང་བྱུང་ནགས་རའི་ཐོན་ཁུངས་སྲུང་སྐྱོབ་ལས་གྲྭ་འགོ་ཚུགས་པ་ནས་བཟུང་། ལེའུ་ཕན་ཧྲན་རི་བོར་ཤིང་གཅོད་རྒྱག་རྒྱུ་སྒོ་ཀུན་ནས་མཚམས་འཇོག་བྱས་ཡོད། མོང་ཝང་ཕིང་གི་མི་རབས་གསུམ་པོ་ནགས་སྲུང་བ་ཡིན་དུས་མི་ཁག་ཅིག་གིས་ཁོང་ཚོའི་འཚོ་བའི་ཡོངས་ཁུངས་ཚང་མ་བཀག་སོང་ཞེས་ཟེར་གྱི་ཡོད་པ་དང་། མི་ཁག་ཅིག་བསམ་ཤེས་མི་ཐུབ་པར་འཁོན་ལན་སློག་ཏེ་ཁོང་གི་ཁང་པར་རྡོ་ཞུ་བ་སོགས་བྱེད་ཀྱི་ཡོད་པ་རེད།

མིག་སྔའི་བར། ས་གནས་དེའི་ནགས་རའི་རྒྱ་ཁྱོན་མུའུ་གསུམ་འབུམ་འཕར་བ་དང་། གང་སར་རྩ་རྩི་ཤིང་གིས་ཁེངས་པའི་ཁར་ཆུ་ཁུངས་ཀྱི་གསོ་སྤེལ་ནུས་པའང་ཉིན་རེ་བཞིན་མཐོ་རུ་འགྲོ་བཞིན་ཡོད། ཆུ་གསོག་འཇོག་བྱ་རྒྱུ་ལེགས་སྒྲིག་གིས་ཆུ་ལོག་སྔོན་འགོག་དང་ས་ཆུ་སྲུང་སྐྱོབ་བྱེད་པ། ཉིང་ཤ་ལྷོ་དབུས་ཀྱི་ཆུ་འདྲེན་སོགས་ལས་གྲྭས་ཉེ་འཁོར་གྱི་མང་ཚོགས་ས་ཡ་གཉིས་ཙམ་ལ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་མཁོ་འདོན་ཐུབ་ཡོད། དེ་ལྟར་རིམ་བཞིན་མི་རྣམས་ནས་ལེའུ་ཕན་ཧྲན་རི་བོར་སྲུང་སྐྱོབ་བྱེད་དོན་དང་མོང་ཝང་ཕིང་གི་ནགས་སྲུང་ལས་དོན་ཐད་བསམ་ཤེས་བྱེད་ཐུབ་པ་བྱུང་ཡོད། ཁོང་གིས། ད་ལྟ་ཡག་ཏུ་ཞེ་དྲག་སོང་ཡོད། གཟིགས་དང་སོ་སོས་བཏབ་པའི་ཤིང་ནགས་རར་གྱུར་བ་མཐོང་དུས་སེམས་ནང་ཧ་ཅང་གི་སྐྱིད་པོ་ཞེ་དྲག་འདུག ངས་ངའི་འཕྲིན་ཕྲན་གྱི་མིང་ལའང་ཤིང་ཡུལ་པོ་ཞེས་རྟགས་ཡོད། ནགས་སྲུང་བ་མི་རེ་ངོ་རེས་ཤིང་རེ་མཚོན་གྱི་ཡོད་ཅེས་བཤད་ཡོད།

རི་སྟེང་གི་ཤིང་དེ་དག་ནགས་སྲུང་བའི་སེམས་གཏམ་ཤོད་སར་གྱུར་ཡོད། ཁོང་གིས། ངའི་བུ་མོ་དང་ངའི་བར་སེམས་ནང་གི་སྐད་ཆ་བཤད་དེ་འདྲ་སྤྱིར་བཏང་ཤོད་མི་མྱོང་། མ་གཞི་ནས་བུ་མོ་ཆུང་དུས་སློབ་གྲྭར་འགྲོ་དུས་ངས་ཐེངས་མ་གཅིག་ཀྱང་བསྐྱལ་མྱོང་མེད། བྱས་ཚང་ངའི་སེམས་ནང་ལའང་བུ་མོར་ཆད་སོང་སྙམ་པའི་གནོང་འགྱོད་ཅིག་འདུག ངས་ནགས་ར་དེར་སྲུང་སྐྱོབ་ཡག་པོ་བྱེད་ཀྱི་ཡིན། ལོ་བཅུ་ཕྲག་རྗེས་སུ་བུ་མོས་ང་ལ་བསམ་ཤེས་ཐུབ་ཀྱི་རེད་བསམ་གྱི་འདུག་ཅེས་བཤད་ཡོད་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བྱམས་པ་ཚེ་རིང་།