ནང་སོག་ཤིང་ཨན་ས་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གཡུར་ཟའི་འབྲས་བཟང་སྨིན་པ།
སྤེལ་བའི་དུས་ཚོད། : 2017-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཤིང་ཨན་ས་ཁུལ་ནི་ནང་སོག་རང་སྐྱོང་ལྗོངས་དབུ་བརྙེས་ས་ཡིན་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་དང་པོའི་གྲས་ཤིག་ཡིན་པའི་ངོས་ནས། ལོ་མང་པོའི་རིང་ལ་ཞིང་ཨན་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཁེར་རྐྱང་དུ་མ་སྤེལ་པར། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཁྱོན་ཡོངས་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པའི་ནང་ཁྱབ་ཡོད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་སོ་སྲུང་རོགས་རེས་བྱེད་པའི་འདྲ་མཉམ་མཐུན་སྒྲིལ་དང་། ཐུན་མོང་གོང་འཕེལ་བཏང་བར་བརྟེན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་དཔེ་མཚོན་འབོར་ཆེན་ཞིག་ཐོན་ཡོད་པ་རེད།

ཤིང་ཨན་ས་ཁུལ་དུ་གྲངས་ཉུང་མི་རིགས་ཁག་༣༧ཡོད་པ་དང་། ནང་སོག་ཀྱི་གྲངས་ཉུང་མི་རིགས་མི་འབོར་གྱི་བསྡུར་ཚད་མང་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་རེད། ཤིང་ཨན་ས་ཁུལ་གྱིས་སྲིད་སྐྱོང་གི་གཞི་རྩར་འགྱུར་བའི་དམངས་འཚོ་ལེགས་བཅོས་བྱ་རྒྱུ་དེ་སྔ་བར་ཕྱི་གསུམ་དུ་དམ་འཛིན་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་བརྟན་ལྷིང་ཞི་མཐུན་གྱི་རྣམ་པ་ཇེ་ཡག་ནས་ཇེ་ལེགས་སུ་བཏང་ཡོད། ལོ་མང་པོའི་རིང་ས་ཁུལ་དེའི་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོའི་༧༠%ཡན་དམངས་འཚོའི་ཁྱབ་ཁོངས་སུ་གཏང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མིག་སྔར་ས་ཁུལ་དེ་ཡོངས་ཀྱི་༧༥%ཡི་གྲོང་ཚོའི་ཉེན་ཁ་ཡོད་པའི་སྡོད་ཁང་སྒྱུར་བཀོད་དང་། ཁྲོམ་ལམ་མཁྲེགས་སྒྱུར། བརྙན་འཕྲིན་གྲོང་ཚོར་ཁྱབ་པ་སོགས་ཀྱི་ལས་གྲྭ་སྤེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཚང་མ་སྨན་བཅོས་འགན་བཅོལ་མ་ལག་ནང་བཅུག་ནས། མ་མཐའི་འགན་སྲུང་ཡོད་པ་དང་། ལུས་རྩལ་ཁང་དང་། དཔེ་མཛོད་ཁང་། ཚན་རྩལ་ཁང་། རིག་གནས་ལྟེ་གནས་བཅས་སྔ་རྗེས་སུ་སྐྲུན་ཟིན་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་བྱེད་པའི་བྱེད་སྒོའི་ཁྲོད་ཤིང་ཨན་ས་ཁུལ་གྱིས་༼ལས་བྱེད་པ་གཞི་རིམ་དུ་བསྐྱོད་པ་༽དང་༼གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཆ་སྒྲིག་རོགས་སྐྱོར་བྱེད་པ་༽སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། མི་རིགས་ཁག་གི་ལས་བྱེད་པས་འགན་འཁྲི་དང་བརྩེ་དུང་བཅངས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱ་གང་ཐུབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྔར་བས་དོན་དངོས་དང་། འཚོ་བ་དང་ཐག་ཉེ་བ། མང་ཚོགས་དང་ཐག་ཉེ་བ་བཅས་བྱུང་བས། མི་རིགས་ཁག་གི་མང་ཚོགས་ཚོའི་བསམ་པའི་བརྩེ་དུང་སྐུལ་སྤེལ་བྱུང་ཡོད་པ་རེད།
ཁོ་ཡིའུ་ཆན་རྫོང་ཁོའར་ཆིན་གྲོང་རྡལ་ཤིང་ཁོ་སྡེ་ཁུལ་དུ། ཐོག་བརྩེགས་ཅན་གྱི་ཁང་པའི་ནང་སྤོ་རྒྱུ་བྱུང་བའི་སོག་རིགས་མང་ཚོགས་ཀྱིས་ལོ་གསར་མཆོད་པ་འབུལ་བའི་སྐབས་སུ་ཆར་ཆུ་དུས་སུ་འབབ་པར་བསོ་བ་སྨོན་ལམ་འདེབས་པའི་ཡུལ་སྲོལ་གོམས་གཤིས་དང་བྲལ་མི་ཕོད་པ་བྱེད་ཀྱི་ཡོད། མི་ཁ་ཤས་ཀྱིས་ཁང་པའི་ཉི་གཡབ་སྟེང་བསང་བཏང་ནས་མེ་སྐྱོན་ཉེན་ཁ་བཟོ་གྲབས་བྱས་ཡོད། སྡེ་ཁུལ་གྱི་ལས་བྱེད་པས་ཤེས་རྟོགས་བྱུང་རྗེས། མྱུར་དུ་བསང་འབུལ་ཞུ་བའི་མཐུན་ཚོགས་བཙུགས་པ་མ་ཟད། ལོ་གསར་ཀྱི་བསང་འབུལ་ཞུ་རྒྱུ་རྫོང་གི་ལུས་རྩལ་ཁང་མདུན་དུ་ཐུན་མོང་ཐོག་གཉེར་རྒྱུའི་ཐག་གཅོད་བྱས་ཡོད། ད་ཆ་བྱེད་སྒོ་དེ་རྫོང་ཡོངས་ཀྱི་བྱེད་སྒོ་གཟབ་རྒྱས་ཤིག་ཏུ་འགྱུར་བ་དང་། སོག་རིགས་མང་ཚོགས་ཀྱིས་ཞུགས་པ་མ་ཟད། ད་དུང་ཁོ་རེ་ཡ་རིགས་དང་། མན་ཇུ་རིགས་སོགས་མི་རིགས་གཞན་གྱིས་ཀྱང་ཐེ་ཞུགས་ཧུར་ཐག་བྱས་ནས། གཞི་ཁྱོན་མི་ཆིག་ཁྲི་ལྷག་ཟིན་ཡོད་པ་རེད།

ཨུ་ལན་ཧའོ་ཐེ་གྲོང་ཁྱེར་སན་ཧོ་གྲོང་ཚོ་ནི་ཁོ་རེ་ཡ་རིགས་ཀྱིས་གཙོ་བོ་དང་། རྒྱ་རིགས། མན་ཇུ་རིགས། སོག་རིགས་བཅས་མི་རིགས་བཞི་ཡིས་གྲུབ་པའི་འཆམ་མཐུན་མཉམ་གནས་ཀྱི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་གྲོང་ཚོ་ཞིག་ཡིན། དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད། མི་རིགས་མི་འདྲ་བ་བཞི་ཕན་ཚུན་རོགས་རམ་དང་། ཕན་ཚུན་མཉམ་འདྲེས་གང་ལེགས་བྱས་ཡོད། ཁོ་རེ་ཡ་རིགས་ཀྱིས་ལོ་མང་རིང་གསོག་འཇོག་བྱས་པའི་ཆུ་འབྲས་འདེབས་པའི་ཉམས་མྱོང་སྦ་གསང་སྤུ་ཙམ་ཡང་མེད་པའི་སྒོ་ནས་མན་ཇུ་དང་། རྒྱ་རིགས། སོག་རིགས་བཅས་ཀྱི་གྲོང་མི་ཚོར་སློབ་པ་དང་། སོག་རིགས་དང་མན་ཇུ་རིགས་ཀྱི་མང་ཚོགས་ཚོས་ཀྱང་རང་ཉིད་ཀྱིས་ལོ་མང་རིང་གསོག་འཇོག་བྱས་པའི་གསོ་ཚགས་ལག་རྩལ་ཁོ་རེ་ཡ་རིགས་ཀྱི་མང་ཚོགས་ལ་སློབ་ཡོད། རྒྱ་རིགས་གྲོང་མི་ཚོས་རང་ཉིད་ཀྱི་ཚོང་གཉེར་ཉོ་ཚོང་གི་ཐབས་ཤེས་མཆོག་ཏུ་འགྱུར་བ་མི་རིགས་གཞན་གྱི་མང་ཚོགས་ལ་སློབ་ཡོད་པ་རེད།

ཤིང་ཨན་ས་ཁུལ་མི་རིགས་ཁག་གི་མི་དམངས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པའི་ལག་ལེན་ངོ་མའི་ཁྲོད་དུ་ཕན་ཚུན་རོགས་རམ་དང་། ཕན་ཚུན་ཁས་ལེན་བྱས་ཏེ། ཕན་ཚུན་དབར་ཁ་བྲལ་ཐབས་མེད་པའི་བརྩེ་གདུང་ཟབ་མོ་ཆགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།