རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་དེ་མུ་མཐུད་ནས་བརྒྱ་ཆ་དྲུག་དང་གྲངས་ཆུང་དགུའི་འཕར་གནས་ཐོག་ནས་རྒྱུན་འཁྱོངས་ཐུབ་པ།
སྤེལ་བའི་དུས་ཚོད། : 2017-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལོའི་ལོ་སྟོད་ལ་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་དེ་མུ་མཐུད་ནས་བརྒྱ་ཆ་དྲུག་དང་གྲངས་ཆུང་དགུའི་འཕར་གནས་ཐོག་ནས་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། འཛམ་གླིང་ཧྲིལ་པོའི་ཆ་སྙོམས་འཕར་ཚད་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་ཅིང་། སྔོན་དཔག་བྱས་པའི་དཔལ་འབྱོར་གྲངས་གཞི་ལས་མཐོ་བ་ཡོད་པས་རྒྱལ་སྤྱིའི་ལས་ཁུངས་མང་པོ་ཞིག་གིས་བསྔགས་བརྗོད་འཐོབ་ཡོད་པ་རེད།

ལོ་སྟོད་ལ་འཛད་སྤྱོད་པའི་ཆེས་མཐའ་མའི་གཏོང་སྤྲོད་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་ལ་བརྒྱ་ཆ་༦༣དང་གྲངས་ཆུང་༤ལེགས་སྐྱེས་ཕུལ་ཡོད་པ་དང་། ཞབས་ཞུའི་ལས་རིགས་ཀྱི་འཕར་ཚད་ཀྱིས་རྒྱལ་དམངས་དཔལ་འབྱོར་འཕར་ཚད་ལ་བརྒྱ་ཆ་༥༩དང་གྲངས་ཆུང་༡ལེགས་སྐྱེས་ཕུལ་ཡོད་པ་རེད། འཛད་སྤྱོད་ཀྱིས་མུ་མཐུད་དེ་དཔལ་འབྱོར་འཕར་གནས་ཀྱི་རྨང་གཞིའི་རང་བཞིན་ནུས་པར་ནུས་པ་འདོན་སྤེལ་ཐུབ་ཡོད་པ་དང་ཞབས་ཞུའི་ལས་རིགས་ཀྱིས་མུ་མཐུད་དེ་དཔལ་འབྱར་འཕར་གནས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་ཐུབ་ཡོད་པས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་བརྟན་པོ་ཡོང་བའི་འགག་གནད་ཅིག་ཡིན། ཀྲུང་གོའི་དཔལ་འབྱོར་འཕར་ཚད་དེ་དུས་ཚིགས་བརྒྱད་ཀྱི་རིང་བརྒྱ་ཆ་༦དང་གྲངས་ཆུང་༧ནས་བརྒྱ་ཆ་དྲུག་དང་གྲངས་ཆུང་དགུའི་བར་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

ཧྲང་ཧའེ་རུ་སྲང་ལམ་དང་གྲུ་ཁ་གང་ས་གང་དུ་རྩ་གཉིས་ཨང་བཤེར་བྱས་ན་ཚོན་མདོག་དཀར་སེར་སྔོན་སོགས་མི་གཅིག་པ་༡༣གྱི་མཉམ་སྤྱོད་རྐང་འཁོར་དེ་འགྲིམ་འགྲུལ་འབྲེལ་མཐུད་ཐུབ་པས་མང་ཚོགས་ཀྱི་དགའ་ཤོས་བྱེད་ཡུལ་དུ་གྱུར་ཡོད། པེ་ཅིན་དུ་ཧོ་མ་གསོས་བཟའ་གློག་རྡུལ་ཚོང་ཁང་གི་པོ་ཏེ་ཏུན་གྱི་ཤ་སྨི་འབྲུག་དབྱིབས་མ་དེ་མང་ཚས་དགའ་པོ་བྱེད་ཡུལ་གྱུར་ཡོད་ཅིང་། དེ་ཚོང་ས་རམི་རྣམས་གྲལ་སྟར་རིང་པོ་ཞིག་འགྲིགས་ཡོད། ཧྲེན་ཀྲེན་དུ་མི་མེད་གནམ་གྲུ་ཕྱིར་ཚོང་བྱེད་པ་སྒོར་དུང་ཕྱུར་༤༦དང་བྱེ་བ་དགུ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གཏོད་ཡོད་ཅིང་། དུས་མཚུངས་དང་བསྡུར་ན་ལྡབ་གཅིག་ལྷག་ཙམ་འཕར་ཡོད། ལོ་འགོ་ནས་བཟུང་གསར་གཏོད་སྒུལ་ཤུགས་གོང་འཕེལ་གྱི་འཐབ་ཇུས་ལག་ལེན་བསྟར་བ་དང་བསྟུན་ནས་ལག་རྩལ་གསར་པ་དང་ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་ཐོན་ཡོད་པ་དང་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གསར་པ་དང་མཉམ་སྤྱོད་དཔལ་འབྱོར་སོགས་ཀྱི་འཐུས་ཚབས་སུ་གྱུར་བའི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་ཇེ་ཆེར་ཕྱིན་པ་དང་དཔལ་འབྱོར་འཕར་གནས་ལ་འདེགས་སྐྱོར་ཐུབ་པའི་སྟོབས་ཤུགས་སུ་གྱུར་ཡོད།

འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དཔལ་འབྱོར་མ་ལག་ཆེ་ཤོས་གཉིས་པ་ཡིན་པའི་ངོས་ནས་ཀྲུང་གོའི་དངོས་རྫས་རྨང་གཞི་བརྟན་པ་དང་མི་ཤུགས་ཐོན་ཁུངས་མ་གནས་ཕུན་སུམ་ཚོགས་པ། ཁྲོམ་རའི་སྟོང་ཆ་རྒྱ་ཆེ་བ་བཅས་ཡིན་པས་གསར་དར་བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གོམ་པ་མཉམ་བགྲོད་ཀྱི་གོང་འཕེལ་འཕེལ་རིམ་ཁྲོད་དུ་གནས་ཡོད་ཅིང་། དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་འགྲོ་བར་ནུས་ཤུགས་ཤུགས་ཆེན་ཞིག་འདོན་སྤྲོད་བྱས་ཡོད།

ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ལོ་སྟོད་ལ་གྲུབ་འབྲས་ཅུང་ལེགས་ཙམ་འཐོབ་པའི་འགག་རྩ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གོང་འཕེལ་རྒྱུན་རྣམ་གསར་པར་སླེབས་པའི་དབྱེ་འབྱེད་གལ་ཆེན་དང་ཚང་མས་དཔལ་འབྱོར་གནས་བབ་ལ་གང་འདྲ་བྱས་ནས་ལྟ་སྟངས་འཛིན་མིན་ལ་འགྱུར་ལྡོག་བཏང་སྟེ། གོང་འཕེལ་གྱི་འདུ་ཤེས་གསར་པ་མཛུབ་སྟོན་དུ་བཟུང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་དེ་གཙོ་ཐིག་བཟུང་བའི་སྲིད་ཇུས་སྒྲོམ་གཞི་དང་དུས་མཚུངས་དུ་བརྟན་པོ་ཁྲོད་འཕེལ་འགྲོ་བའི་ལས་དོན་གྱི་སྤྱིའི་རྨང་གཞི་བརྟན་པོ་ཡིན་པའི་དབང་གིས་ཡིན། དཔལ་འབྱོར་བརྟན་པོའི་ཁྲོད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་དེས་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ལ་བརྡར་ཤ་གལ་ཆེན་གཅོད་པ་དང་དཔལ་འབྱོར་ལས་དོན་ལ་གལ་ཆེའི་ཇུས་ཐག དཔལ་འབྱོར་ལས་དོན་བསམ་ཕྱོགས་ཀྱི་བྱེད་ཐབས་གལ་ཆེན་བཅས་ལ་ལེགས་སྒྲིག

གལ་ཆེན་བྱས་པ་མཚོན་གྱི་ཡོད་ཅིང་། དེ་ནི་ཡོངས་སུ་ཡང་དག་པ་དང་དོན་དངོས་དང་ཡོངས་སུ་མཐུན་གྱི་ཡོད་ཅེས་གསུངས་པ་རེད།

ཀྲུང་གོའི་དཔལ་འབྱོར་གྱི་ངོ་མཚར་ད་དུང་མཇུག་སྒྲིལ་མེད་པར་དུས་རིམ་གཉིས་པར་སླེབས་ཡོད་ཅེས་ཨ་རིའི་ཕུའུ་པུ་སི་དུས་དེབ་ཀྱི་ཐོག་ཏུ་དབྱེ་ཞིབ་བྱས་པ་ལས་འཛམ་གླིང་གིས་ཀྲུང་གོའི་དཔལ་འབྱོར་ལ་ཡིད་ཆེས་དང་རེ་སྒུག་བྱེད་པ་མཚོན་གྱི་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་མེ་འཁོར་དེ་ནི་ཡང་དག་པའི་འཁོར་ལམ་གྱི་ཐོག་ཏུ་བརྟན་པོའི་ངང་མྱུར་བགྲོད་བྱེད་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།