དམངས་སྲིད་པུའུ་དང་། འགྲིམ་འགྲུལ་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་སོགས་སྡེ་ཁག་གིས་ཡོམ་འགོག་གནོད་སེལ་ཡག་པོ་སྒྲུབ་པ།
སྤེལ་བའི་དུས་ཚོད། : 2017-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ་བདུན་དང་གྲངས་ཆུང་ཀླད་ཀོར་རྒྱབ་རྗེས། དམངས་སྲིད་པུའུ་དང་། འགྲིམ་འགྲུལ་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་ཡོམ་འགོག་གནོད་སེལ་ལས་དོན་བཀོད་སྒྲིག་ཡག་པོ་བྱས་ཡོད་པ་རེད།

གཞུང་ལམ་ཐད། སྤྱི་ཚེས་བཅུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པར། གཟི་རྩ་སྡེ་དགུ་དང་ཧོང་ལུང་བར་གྱི་བསྐོར་ལམ་གྱི་ནུབ་རྒྱུད་ཀྱི་ཉེན་ཁ་ཆེ་བའི་ཁུལ་བཅུ་གཅིག་ལ་བཤར་གཏོང་འགན་སྲུང་གི་ཇུས་གཞི་ཞིབ་ཕྲ་བཏོན་པ་དང་། ཤར་རྒྱུད་ཀྱི་ཉེན་ཁ་ཆེ་བའི་ཁུལ་བཅུ་བདུན་གྱི་བཤར་གཏོང་འགན་སྲུང་གི་ཇུས་གཞི་འདིང་མུས་ཡིན་པ། སི་ཁྲོན་མངའ་ཁོངས་ཀྱི་ས་ཡོམ་གྱི་རྐྱེན་གྱིས་མཚམས་ཆད་པའི་གྲོང་ཚོའི་ལམ་བུ་གཉིས་ཀྱི་རླངས་འཁོར་བཤར་གཏོང་སླར་གསོ་ཐུབ་པ་རེད།

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ནས་སྔོན་བརྡ་བཏང་བར་གཞིགས་ན། སྤྱི་ཚེས་བཅུ་གཅིག་ཉིན་གཟི་རྩ་སྡེ་དགུ་རྫོང་དུ་ཆར་པ་བབ་རྒྱུ་དང་། དེས་རྐྱེན་པས་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད་ཐོན་པ་སོགས་ཀྱི་གནོད་འཚེ་ཐོན་ཉེན་ཡོད་པ་རེད། ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་ཆེད། ཀྲུང་གོའི་ས་གཤིས་བརྟག་ཞིབ་ཅུས་ཀྱིས་ས་ཡོམ་ཁུལ་གྱི་ས་གཤིས་དཔྱད་གཞིའི་པར་རིས་ཆིག་སྟོང་ལྷག་ཙམ་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་བསྐྱལ་བ་རེད།

དེ་མིན་མི་དམངས་དངུལ་ཁང་གིས་རྒྱལ་མཛོད་ནས་ས་ཡོམ་གནོད་སེལ་གྱི་མ་དངུལ་གཏོང་རྒྱུར་སྟབས་བདེ་བསྐྲུན་ནས། གནོད་སེལ་གྱི་མ་དངུལ་ཁག་དུས་ཐོག་ཏུ་གནོད་འཚེ་ཕོག་ཁུལ་དུ་གཏོང་སྤྲོད་བྱ་རྒྱུར་འགན་སྲུང་བྱས་ཡོད་པ་རེད། སྤྱི་ཚོགས་ཀྱི་ཞལ་འདེབས་ཐད། དམངས་སྲིད་པུའུ་ཡིས། ཁྲིམས་ལྟར་ཐོ་འགོད་བྱས་པ་དང་། གནོད་སེལ་ལ་དམིགས་པ་མ་ཟད། ཞལ་འདེབས་བསྡུ་བའི་ཐོབ་ཐང་ཡོད་པའི་སྤྱི་ཚོགས་སྒྲིག་བཙུགས་དང་གནོད་འཚེ་ཕོག་ཁུལ་གྱི་དམངས་སྲིད་སྡེ་ཁག་བརྒྱུད་ནས་ཞལ་འདེབས་འབུལ་དགོས་པ་དང་། གནོད་འཚེ་ཕོག་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ལ་དགོས་མཁོ་ཡོད་མེད་དྲིས་རྗེས། གཞི་ནས་དངོས་ཟོག་བསྐུར་ཆོག་པ་དང་། ཞལ་འདེབས་བསྡུ་རུབ་དང་བེད་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་གཏན་འཁེལ་གྱི་དུས་ཚོད་ཐོག་གཏོང་ཡོང་གི་ནང་དོན་ཞིབ་ཕྲ་ཁྱབ་བསྒྲགས་བྱ་དགོས་པ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས་ཞེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ།