ལེའུ་བཅུ་ཡོད་པའི་སྲིད་དོན་དཔྱད་གླེང་གྱི་ཆེད་དོན་པར་གཞི་༼སྒྱུར་བཅོས་མཐའ་འཁྱོལ་བ་བྱེད་༽ཅེས་པ་དེ་རིང་ནས་སྟོན་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའིནགནས་ཚུལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་བཀོད་ཇུས་གལ་ཆེན་གནང་བ་དང་། སྒྱུར་བཅོས་ཀྱི་གལ་ཆེའི་ཇུས་གཞི་རབ་དང་རིམ་པ་བཏོན་ནས། ཁྱབ་ཁོངས་གལ་ཆེ་བ་དང་འགག་རྩའི་ལྷུ་ཚིགས་ནང་གི་སྒྱུར་བཅོས་བྱ་ཐབས་ཐད་འགག་གཏོར་གལ་ཆེན་བྱུང་ཡོད། སྒྱུར་བཅོས་ཀྱི་འཕེལ་རིམ་དང་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་མངོན་པ་བྱ་ཆེད། ཀྲུང་དབྱང་རྩ་འཛུགས་པུས་ལེའུ་བཅུ་ཡོད་པའི་སྲིད་དོན་དཔྱད་གླེང་པར་གཞི་༼སྒྱུར་བཅོས་མཐའ་འཁྱོལ་བ་བྱེད་༽ཅེས་པ་པར་ལེན་བྱས་པ་དང་། པར་གཞི་དེ་སྤྱི་ཟླ་༧པའི་ཚེས་༡༧ཉིན་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ནས་གཏང་རྒྱུ་མ་ཟད། མཉམ་འདྲེས་སྨྱན་སྦྱོར་སྟེགས་བུའི་ཐོག་དུས་མཚུངས་སུ་གཏང་རྒྱུ་ཡིན་པ་རེད།

པར་གཞི་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་སྙིང་སྟོབས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་འཐབ་ཇུས་གསར་པ་བཅས་ལ་དམ་པོར་གཞིགས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་བློ་དང་ལོ་རྒྱུས་ཀྱི་འོས་འགན་བསམ་བློ་ཆེན་པོའི་ཐོག་ནས། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་བཞིའི་འཇབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་པ། ཐེངས་ལྔ་པ། ཐེངས་དྲུག་པ་བཅས་ཀྱི་ཐོག་གཏན་ལ་འཁེལ་བའི་སྒྱུར་བཅོས་ལས་འགན་ལ་ཇུས་བཀོད་དང་བཀོད་སྒྲིག་ཁྱོན་ཡོངས་ནས་བྱེད་པ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་སྣེ་ཁྲིད་ནས་དཀའ་ངལ་ཁྱད་བསད་དང་། དཀའ་སྤྱད་འབད་བརྩོན་བྱས་ཏེ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་གཏོང་བའི་རླབས་ཆེན་ལག་ལེན་ལ་སྐུལ་འདེད་ཚགས་ཚུན་པོ་བཏང་བ་གང་ལེགས་མངོན་ཡོད་པ་རེད།

པར་གཞི་དེའི་ནང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐད་ཆ་ཚང་བ་དང་། དབང་གྲགས་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཡོད་པས། བསམ་བློའི་རང་བཞིན་དང་རིག་པའི་གཞུང་ལུགས་ཀྱི་གཏིང་ཚད་ཆེ་ཙམ་ཡོད་པ་མངོན་ཡོད་ལ། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་སྒྱུར་བཅོས་གཏམ་རྒྱུད་ཀྱང་གླེང་ཡོད། པར་གཞི་ཆ་ཚང་ལ་ཁྱོན་ལེའུ་བཅུ་ཡོད་པ་སྟེ། ཁག་སོ་སོར་༼དུས་རབས་ཀྱི་འདྲི་བ་༽ཞེས་པ་དང་། ༼དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་༽ཅེས་པ། ༼མི་དམངས་དམངས་གཙོའི་གནས་སྟངས་གསར་པ་༽ཞེས་པ། ༼སྤྱི་ཚོགས་ཀྱི་དྲང་བདེན་དྲང་བཞག་ལ་སྲུང་སྐྱོབ་བྱེད་༽ཅེས་པ། ༼ཀྲུང་ཧྭ་ཡི་རིག་གནས་རྒྱུད་འཛིན་༽ཞེས་པ། ༼སྔོ་ལྗང་རི་ཆུ་བརྟན་དུ་སྲུང་།༽ཞེས་པ། ༼དམག་སྟོབས་ཆེར་གཏོང་བའི་ལམ་བུ་༽ཞེས་པའི་སྟོད་ཆ་དང་སྨད་ཆ། ༼ཏང་གི་རང་ངོས་གསར་བཅོས་༽ཞེས་པ། ༼མི་དམངས་ཀྱི་ཐོབ་ཚོར་༽ཞེས་པ་བཅས་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།