དུས་རབས་ཀྱི་མིག་དཔེ་ཧོང་ཏ་ཉན། ཁག་ལྔ་པ། རྒྱལ་ཁབ་དང་ཁྱིམ་གྱི་རྐང་འཛིན་ཧོང་ཏ་ཉན།
སྤེལ་བའི་དུས་ཚོད། : 2017-07-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཧོང་ཏ་ཉན་གྱི་གཞུང་ལས་ཁང་གི་གྱང་ཐོག་ཏུ་པར་ཞིག་སྦྱར་ཡོད་པ་སྟེ། དེ་ནི་སྤྱི་ལོ༢༠༡༠ལོར་པེ་ཏའེ་ཧོ་རུ་ངལ་གསོ་གནང་སྐབས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་མི་སྟོང་གི་འཆར་གཞིའི་རིགས་གཅིག་མཁས་པའི་འཐུས་མི་རྣམས་ཀྱིས་མཉམ་དུ་སྒྲོན་པའི་པར་རེད། ཡིན་ནའང་མི་གཞན་གྱིས་མི་ཤེས་པ་ཞིག་ནི་པར་དེ་ད་དུང་ཧོང་ཏ་ཉན་གྱིས་རང་གི་ཁྱིམ་གྱི་མངོན་གསལ་དོད་ས་ཞིག་ཏུ་སྦྱར་ཡོད་པ་རེད། ཧོང་ཏ་ཉན་གྱི་སློབ་མ་ཀྲའུ་ཝན་གཡོས་ཀྱིས། རྒན་ཧོང་ཏ་ཉན་ལགས་ནས་སྐུ་པར་དེ་གཟིགས་ཐེངས་རེར་སེམས་རྣལ་ལ་ཕབ་ནས་ཚན་རིག་ཞིབ་འཇུག་བྱ་རྒྱུ་དང་། རྒྱལ་ཁབ་ལ་ཕན་པའི་བྱ་བ་སྒྲུབ་རྒྱུ། ཕུལ་དུ་བྱུང་བའི་སློབ་མ་རབ་དང་རིམ་པ་སྐྱོང་རྒྱུའི་སེམས་ཤུགས་འཕེལ་གྱི་འདུག་ཅེས་གསུངས་གནང་གི་རེད་ཅེས་བཤད་འདུག

རྒྱལ་ནང་དུ་ཕྱིར་ལོག་གནང་རྗེས་ཀྱི་ལོ་བདུན་ནང་། ཧོང་ཏ་ཉན་གྱིས་འཕྲུལ་ཆས་ལྟར་ཉིན་མཚན་ལྟོས་མེད་ཕྱག་ལས་འབྱོར་ཆེན་གནང་བ་དང་། སྐབས་རེ་ཁོང་མཚན་མོ་ལས་མཚམས་འཇོག་དུས་ཐོ་རེངས་ཆུ་ཚོད་གཉིས་པ་གསུམ་པ་ཟིན་གྱི་ཡོད་པ་དང་། ད་དུང་དབྱར་དགུན་གཉིས་ཀྱི་གུང་གསེང་དང་དུས་ཆེན་གྱི་རིང་ཧ་ལམ་ངལ་གསོ་བསྐྱོན་མྱོང་མེད། ཆ་སྙོམས་ལོ་རེར་ཕྱི་ཕྱོགས་སུ་ལས་དོན་སྒྲུབ་པར་ཉིན་བརྒྱ་དང་སུམ་བཅུ་ཕེབས་དགོས་པ་དང་། ངལ་དུབ་དབང་གིས་ལས་གནས་ཐོག་ཐེངས་གསུམ་རིལ་མྱོང་ཡང་ཡོད། གཅུང་པོ་ཧོང་ཏ་ཝན་གྱིས་གསུངས་པར། རྒྱལ་ཁབ་ཀྱི་ཆེད་འགན་འཁྲི་འཁུར་རྒྱུ་དེ་ཕ་མ་སྐུ་འཚོ་བཞུགས་སྐབས་ང་ཚོ་བུ་ཕྲུག་གསུམ་ལ་གནང་བའི་བཀའ་སློབ་རེད། པ་ལགས་སྐུ་གཤེགས་སྐབས་ཧོང་ཏ་ཉན་ཕྱི་རྒྱལ་དུ་ཚན་ཞིབ་འགག་གཏོར་གནང་བཞིན་ཡོད་པས། པ་ལགས་ལ་མཐའ་མའི་སྐྱེལ་མ་ཞུ་བར་བཅར་ཐུབ་མེད། པ་ལགས་ནས་ཧོང་ཏ་ཉན་ལ་ཞལ་ཆེམས་བཞག་པའི་ནང་། མ་བརྗེད་པར་གྱིས་ཤིག ཁྱེད་ནི་མེས་རྒྱལ་ཡོད་པའི་མི་ཞིག་རེད་ཅེས་གསུངས་གནང་ཡོད། ལོ་གཉིས་ཀྱི་རྗེས་ཨ་མ་ལགས་ཀྱི་སྙུན་གཞི་ཇེ་སྡུག་ཏུ་ཕྱིན་པ་དང་། སྐུ་གཤེགས་ཁར་ཕྱི་རྒྱལ་དུ་ཞལ་པར་བསྐྱོན་ནས། ཏ་ཉན། མགྱོགས་ཙམ་ལོག་ཤོག ལོག་རྗེས་རྒྱལ་ཁབ་ལ་ཕན་པའི་བྱ་བ་ཏོག་ཙམ་སྒྲུབ་དང་ཅེས་གསུངས་ཡོད། དེ་ལྟར་ཡབ་ཡུམ་གཉིས་ལ་མཐའ་མའི་སྲི་ཞུ་སྒྲུབ་མ་ཐུབ་པ་དེ་ཧོང་ཏ་ཉན་གྱི་དུས་ནམ་ཡང་དྲག་ཐབས་མེད་པའི་སེམས་ནད་ཅིག་ཏུ་གྱུར་ཡོད་པ་དང་། མེས་རྒྱལ་དུ་ལོག་རྗེས་ཀྱང་ཁྱིམ་མི་དང་མཉམ་དུ་འཛོམས་པའི་དུས་ཚོད་ཉུང་བས་དེར་ཡང་ཁོང་གནོང་འགྱོད་ཆེན་པོ་གནང་གི་ཡོད། སློབ་མ་མ་གོ་ཆིང་གིས། རྒན་ཧོང་ལགས་ཀྱིས་ལོ་འདི་དག་ནང་ཁོང་གི་གནོང་འགྱོད་ཆེ་ཤོས་ནི་ཁྱིམ་མིར་ཆ་ཕྱོགས་མང་པོ་ནས་ཆད་པ་དེ་རེད། ཁོང་གི་སེམས་ནུས་མང་ཆེ་བ་ཚན་ཞིབ་དང་སློབ་མ་སྐྱོང་རྒྱུའི་ཐོག་བཞག་གནང་བས། ཁྱིམ་མི་དང་ལྷན་དུ་འཛོམས་ནས་བཞུགས་པའི་གོ་སྐབས་ཉུང་ཉུང་ཡིན་ཞེས་གསུངས་འདུག

ནང་མི་མཉམ་འཛོམས་བྱ་དགོས་པའི་དུས་ཆེན་ཁག་ནང་ཧོང་ཏ་ཉན་ལས་བྲེལ་དབང་གིས་ནང་དུ་མི་སླེབས་པ་དང་། ཕྱི་རྒྱལ་དུ་འཚོ་བ་སྐྱེལ་བཞིན་པའི་བུ་མོར་ཡང་བལྟ་རྟོག་ཡག་པོ་ཡོང་གི་མེད། ད་ལོའི་ཟླ་བ་དང་པོའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་འགན་འཁྲི་ལྕི་མོ་སྙིང་དབུས་སུ་འཇོག་པའི་ཤེས་ཡོན་ཅན་ཁོང་གི་དྲན་ཤེས་སྨན་ཁང་གི་ཉལ་ཁྲིའི་ཐོག་ཉམས་པ་དང་། དུས་སྐབས་དེར་ཐག་རིང་དབྱིན་ཇིར་ཡོད་པའི་ཧོང་ཏ་ཉན་གྱི་བུ་མོ་ཡང་བུ་བཙའི་ན་ཟུག་གིས་མནར་ཡོད། དེ་ནས་ཉིན་བཞིའི་རྗེས་ཧོང་ཏ་ཉན་གཏན་དུ་གཟིམས་པ་དང་། ཁོང་གིས་རང་ཉིད་ཀྱི་ཚ་བོ་ཡང་མཐོང་མེད།

སློབ་མ་ཀྲའུ་ཝན་གཡོས་ཀྱིས། རྒན་ཧོང་ལགས་ནས་ཐུགས་ནང་རྟག་པར་རྒྱལ་ཁབ་ཨང་དང་པོར་འཇོག་པ་དང་། ཁོང་གི་རྣམ་གྲངས་ཨང་དང་པོར་འཇོག་པ། དེ་རྗེས་ང་ཚོ་སློབ་མ་རྣམས་འཇོག་པ། མཐའ་མཇུག་དེར་རང་གི་ཁྱིམ་མི་རྣམས་འཇོག་གི་ཡོད་ཅེས་གསུངས་འདུག

ཧོང་ཏ་ཉན་ནི་ཉི་མ་འདྲ་བར་རང་ཉིད་བསྲེག་ནས་ཀུན་ལ་འོད་སྣང་སྦྱིན་པ་དང་། ཁོང་གིས་རང་ཉིད་ཀྱི་ཚེ་སྲོག་སྤྱད་ནས། མེས་རྒྱལ་ལ་དགོས་མཁོ་ཡོད་ན་ངས་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན་ཞེས་པའི་དམ་ཚིག་དེ་ལག་བསྟར་གནང་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།