མཚོ་སྔོན་ལ་རྒྱུན་མཐུད་ཉིན་༧རིང་དྭངས་གཙང་ནུས་ཁུངས་གཙང་མའི་གློག་ཁྱོན་ཡོངས་ནས་མཁོ་འདོན་བྱས་པ།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། རྒྱུས་ལོན་བྱུང་བར་གཞིགས་ན། རྒྱལ་ཁབ་གློག་དྲ་ཀུང་སིས་ཟླ་བ་༦པའི་ཚེས་༡༧ཉིན་གྱི་དགོང་མོའི་ཆུ་ཚོད་ཀླད་ཀོར་ནས་ཚེས་༢༣བར་གྱི་མཚན་མོའི་ཆུ་ཚོད་༢༤བར། རྒྱུན་མཐུད་ཉིན་༧རིང་གི་ཁྱོན་ཆུ་ཚོད་༡༦༨ནང་། ཚང་མ་ཉི་མའི་ནུས་ཁུངས་དང་། རླུང་ནུས། དེ་བཞིན་ཆུ་ནུས་བཅས་ཀྱི་ཐོག་ནས་མཚོ་སྔོན་ཞིང་ཆེན་ཡོངས་ལ་གློག་མཁོ་འདོན་བྱས་པ་རེད། མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཆོན་ཧྲེང་མིང་གིས། དེ་ནི་རྒྱལ་ཡོངས་ལས་ཐེངས་དང་པོའི་གྲས་ཡིན་ཞིང་། རང་རྒྱལ་གྱི་ནུས་ཁུངས་བཅོས་བསྒྱུར་ལ་སྐུལ་འདེད་དང་། དྭངས་གཙང་ནུས་ཁུངས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་དང་ཕན་ནུས་མཐོ་བའི་སྒོ་ནས་བེད་སྤྱོད་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།

མཚོ་སྔོན་གྱི་ཆུ་གློག་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཉི་འོད་ནུས་ཁུངས་འབེལ་པོ་ཡོད་པས། དེ་ནི་རྒྱལ་ཁབ་ཀྱི་གལ་ཆེའི་ས་ཁོངས་ནུས་ཁུངས་འབྲེལ་མཐུད་རྟེན་གཞི་ཞིག་རེད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་ཚུན་དུ། མཚོ་སྔོན་ཀོང་ཧྥུ་ཆ་སྙོམས་ལོ་ལྟར་སྟོང་ཝ་ས་ཡ་༡གི་མྱུར་ཚད་ཐོག་ནས་གོ་རིམ་ལྡན་པའི་ངང་འཕར་སྣོན་འགྲོ་བཞིན་ཡོད་ལ། ལོའི་ཆ་སྙོམས་འཕར་ཚད་བརྒྱ་ཆ་༥༨ཟིན་གྱི་ཡོད་པ་རེད།

མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཁྱོན་ཡོངས་ནས་སྦག་གཙོག་མེད་པའི་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་གཏོད་དང་། གཙོ་གནད་ཐོག་མཚོ་ནུབ་དང་། མཚོ་ལྷོའི་སྟོང་ཝ་ཁྲི་སྟོང་རིམ་པ་ཟིན་པའི་ནུས་ཁུངས་གསར་པའི་རྟེན་གཞི་འཆར་འགོད་འཛུགས་བསྐྲུན་བྱ་དགོས་ཞེས་བཏོན་པ་དང་། འཆར་འགོད་གཞིར་བཟུང་། སྤྱི་ལོ་༢༠༢༥ལོར་སླེབས་དུས་མཚོ་སྔོན་གྱི་ནུས་ཁུངས་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་གྱི་གཞི་ཁྱོན་སྟོང་ཝ་བྱེ་བ་༦དང་ས་ཡ་༡ཟིན་པ་བྱ་རྒྱུ་དང་། འཛུགས་སྐྲུན་ཟིན་རྗེས། ལོ་ལྟར་དབུས་ཤར་ཁུལ་ལ་དྭངས་གཙང་གློག་ཚད་ཆུ་ཚོད་རེར་སྟོང་ཝ་བྱེ་བ་༡དང་ས་ཡ་༡དང་། མ་བཅོས་རྡོ་སོལ་ཏུན་བྱེ་བ་༥ཡི་ཚབ་བྱེད་ཐུབ་རྒྱུ་དང་། དབུས་ཤར་ས་ཁུལ་གྱི་ནུས་ཁུངས་སྒྲུབ་ཆ་ལེགས་སྒྲིག་དང་། གློག་ཤུགས་མཁོ་འདོན་འགན་སྲུང་ཐད་དང་། མཁའ་དབུགས་ཆེན་པོའི་སྦག་གཙོག་འགོག་བཅོས་དང་སྨུག་རྡུལ་འགོག་བཅོས་བཅས་ཀྱི་ཐད་ནུས་པ་མངོན་གསལ་དོད་པོ་ཐོན་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
ཡིག་སྒྱུར། བློ་བཟང་རྒྱ་མཚོ།