དྲ་ཐོག་དངུལ་བུན་ལས་ཁུངས་ཀྱིས་སློབ་རའི་དངུལ་བུན་གཏོང་རྒྱུ་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2017-06-18 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་ཉེ་ཆར་བརྡ་ཐོ་བཏང་ནས། དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཚན་པས་ཆོག་མཆན་སྤྲད་མེད་པར་བཙུགས་པའི་ལས་ཁུངས་ཀྱིས་སློབ་རའི་དངུལ་བུན་ཞབས་ཞུ་སྒྲུབ་མི་ཆོག་པའི་བླང་བྱ་བཏོན་ཡོད་པ་རེད། དེ་དང་ཆབས་ཅིག ད་ལྟའི་དུས་མཚམས་སུ་དྲ་ཐོག་དངུལ་བུན་ལས་ཁུངས་ཀྱིས་སློབ་རའི་དངུལ་བུན་ལས་སྒོ་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་པ་རེད། གཞན་ཡང་། ཚོང་ལས་དངུལ་ཁང་དང་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གིས་མཐོ་རིམ་སློབ་གྲྭའི་སློབ་རོགས་དང་། གསོ་སྦྱོང་། འཛད་སྤྱོད་སོགས་དངུལ་རྩའི་ཐོན་ལས་གསར་སྤེལ་བྱེད་ཆོག་གི་ཡོད་པ་རེད།

སློབ་རའི་དངུལ་བུན་ཞེས་པ་ནི་སློབ་མའི་མི་ཚོགས་ལ་དམིགས་པའི་དངུལ་རྩའི་ཐོན་རྫས་ཤིག་ཡིན། ཐོན་ལས་ཁག་ཅིག་གིས། རང་ཉིད་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཞིག་ཡིན་ཕྱིན། དྲ་བའི་ཐོག་དཔྱད་གཞིའི་ཡིག་རིགས་སྐྱེལ་བ་དང་། ཞིབ་དཔྱད་བྱེད་པ། འགྲོ་ལུགས་གཉེར་བའི་གླ་རིན་ངེས་ཅན་སྤྲད་པའི་རྗེས་ལམ་སེང་དངུལ་བུན་གཡར་ཆོག་ཅེས་བཤད་ཀྱི་ཡོད། ཕྱོགས་གཅིག་ནི་སློབ་མའི་མི་ཚིགས་ཀྱི་འཛད་སྤྱོད་དགོས་མཁོ་ཡིན་པ་དང་། ཕྱོགས་གཞན་ཞིག་ནི་དངུལ་བུན་གཡར་བའི་སྒོ་ཐེམ་དམའ་པོ་ཡོད་པས། དེ་གཉིས་ཀྱི་བཟང་ཆ་ལྡན་པས་ན། ཐ་ན་ཁྲིམས་འགལ་དང་སྒྲིག་འགལ་གྱི་སློབ་རའི་དངུལ་བུན་ལས་སྒོ་ཡང་སྤེལ་བདེ་པོ་ཡོད་པ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དངུལ་རྩ་སོའོ་ཡི་དངུལ་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཙེང་ཀང་གིས། སློབ་མའི་མི་ཚོགས་དངུལ་བུན་གཡར་མཁན་ཡིན་པས་དེ་བས་ཀྱང་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་ཡོད་པ་རེད། ཁོང་གིས། སློབ་མའི་མི་ཚོགས་དང་ནར་སོན་པའི་མིའི་བར་ད་དུང་ཧེ་བག་ཡོད་ཅིང་། སྟངས་འཛིན་མིན་པའི་འཛད་སྤྱོད་བྱེད་སླ་པོ་ཡོད། ཡང་ན་བསླུ་བྲིད་ཆེན་པོ་བྱས་ནས་དངུལ་བུན་གཡར་མཁན་ཡང་ཡོད་པས། དངུལ་བུན་གཡར་མཁན་ལ་དེ་བས་ཀྱང་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ད་ཐེངས། ཀྲུང་གོ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་མཉམ་དུ་འགྲེམ་སྤེལ་བྱས་པའི་ཡིག་ཆར། ལམ་སྟོན་དང་བཀག་འགོག་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་སློབ་རའི་དངུལ་བུན་གང་བྱུང་དུ་གཡར་བའི་སྣང་ཚུལ་ལ་བཅོས་སྒྲིག་བྱས་ཡོད་པ་རེད། ལམ་སྟོན་ཞེས་པ་ཡང་། ཚོང་ལས་དངུལ་ཁང་དང་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གིས་ཉེན་ཁ་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག དམིགས་ས་ཡོད་པའི་ཐོག་ནས་མཐོ་རིམ་སློབ་གྲྭའི་སློབ་རོགས་དང་། གསོ་སྦྱོང་། འཛད་སྤྱོད། ལས་སྐྲུན་སོགས་ཀྱི་དངུལ་རྩའི་ཐོན་ལས་གསར་སྤེལ་བྱེད་པར་ཟེར། ཙེང་ཀང་གིས། སློབ་མའི་མི་ཚོགས་ཀྱི་རྒྱུན་ལྡན་དང་ལུགས་མཐུན་གྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོར་མཐོང་ཆེན་བྱེད་དགོས་ཞེས་དང་། ཁོང་གིས། ཚད་ལྡན་གྱི་དངུལ་རྩའི་ལས་ཁུངས་དེ་དག་ལ་ལྟ་སྐུལ་དོ་དམ་ཚན་པས་བླང་བྱ་མཐོ་པོ་བཏོན་ཡོད་ཅིང་། སློབ་གྲྭའི་སྟངས་འཛིན་གྱི་འཛད་སྤྱོད་ལ་ཁྲིད་སྟོན་བྱེད་དགོས་པ་དང་། ཚད་ལྡན་དངུལ་རྩའི་ལས་ཁུངས་ཀྱིས་ཀྱང་དངུལ་བུན་གཏོང་ཤུགས་ཆེ་དྲགས་པ་སོགས་ཀྱི་བྱ་སྤྱོད་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་གསུངས་ཡོད་པ་རེད།

ད་ཐེངས་ཀྱི་སྲིད་ཇུས་གསར་པའི་ནང་བཀག་འགོག་བྱ་རྒྱུ་དེ་གཤམ་གསལ་ཕྱོགས་གཉིས་ཀྱི་ཐད་མངོན་ཡོད་དེ། གཅིག་ནི། དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཚན་པས་ཆོག་མཆན་མ་སྤྲད་པར་བཙུགས་པའི་ལས་ཁུངས་ཀྱིས་སློབ་རའི་ནང་འཛུལ་ནས་སློབ་ཆེན་སློབ་མར་དངུལ་བུན་ཞབས་ཞུ་སྒྲུབ་རྒྱུར་བཀག་འགོག་དང་། གཉིས་ནི། དྲ་ཐོག་དངུལ་བུན་གཏོང་མཁན་ལས་ཁུངས་ཀྱིས་སློབ་གྲྭར་ཡོད་པའི་སློབ་ཆེན་སློབ་མར་དྲ་ཐོག་དངུལ་བུན་གཏོང་བའི་ལས་སྒོ་ཚང་མ་གནས་སྐབས་མཚམས་འཇོག་བྱེད་པ་དང་། རིམ་བཞིན་བསགས་འབོར་ལས་སྒོ་སྤེལ་ནས། ཕྱིར་འཐེན་དུས་ཚོད་རེའུ་མིག་ཁ་གསལ་བཟོ་དགོས་པ་དེ་ཡིན། ཙེང་ཀང་གིས། ད་ལྟ་བཀག་འགོག་བྱེད་པ་ནི་ཚད་ལྡན་མིན་པའི་སློབ་རའི་དངུལ་བུན་གཏོང་བའི་ལས་སྒོ་ཡིན་ཞེས་བསྟན་ཡོད་པ་རེད།

ཙེང་ཀང་གིས། དྲ་སྦྲེལ་དངུལ་རྩས་སློབ་རའི་ནང་དངུལ་བུན་གཏོང་བའི་ཁྱབ་ཁོངས་གནས་སྐབས་མཚམས་འཇོག་བྱེད་པ་ནི་དོན་དངོས་ཐོག་དེ་སྔོན་དུས་བཀག་འཐིམས་མེད་པའི་བསགས་འབོར་དེ་དག་ཡིན། དེ་སྔའི་བསགས་འབོར་གྱི་ཉེན་ཁ་རིམ་བཞིན་སེལ་བ་དང་། འབྲེལ་ཡོད་དངུལ་རྩའི་ཉེན་ཁ་བཀག་འགོག་བྱས་ཚེ་ཁྲོམ་ར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།