ཀོ་ཅིན་ལུང་གིས་ཀན་སུའུ་དང་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གྲུབ་འབྲས་ཕུལ་དུ་བྱུང་བའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཏོན་གནང་བ།
སྤེལ་བའི་དུས་ཚོད། : 2017-06-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༦པའི་ཚེས་༡༢ཉིན་ནས་ཚེས་༡༦ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀོ་ཅིན་ལུང་གིས་ཀན་སུའུ་དང་། མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱ་རྒྱུ་རྩ་བར་འཛིན་པ་དང་། སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་སྒོ་གཏིང་ཟབ་སྤེལ་བ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཡུར་ཟའི་འབྲས་བཟང་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཏོན་གནང་བ་དང་།

ཀོ་ཅིན་ལུང་གིས། ཀན་སུའུ་དང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་དང་། མཚོ་སྔོན་དུ་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་པ་བྱ་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དངོས་གསལ་དོད་པོས་དམ་བཟུང་བྱེད་པ་དང་། གནོད་མེད་གོང་འཕེལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ། རྒྱུན་མཐུད་གོང་འཕེལ་ལ་ཕན་པ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་གཏོད་པ། གསར་འཛུགས་ལས་དོན་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་སློབ་གསོ་གཏང་རྒྱུ་ཟུང་འབྲེལ་ཡག་པོ་བྱས་ཏེ། མི་རིགས་ཁག་རྣམས་ཕན་ཚུན་བརྩེ་བ་ཟབ་པ་དང་། ཐུན་མོང་ཐོག་མཐུན་སྒྲིལ་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་དོ་སྣང་བྱེད་པ། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་གྲོལ་གྱི་ལས་དོན་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་དཔལ་འབྱོར་གོང་འཕེལ་དང་དཔལ་ཡོན་གསར་འཛུགས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱ་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།