དགེ་རྒན་ཁྲི་ཡིས་སློབ་གསོར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་འགོ་ཚུགས་ཤིང་། ཤིན་ཅང་དང་བོད་ལྗོངས་ཀྱི་སློབ་གསོ་མཐོར་འདེགས་ལ་སྐུལ་འདེད་ཐེབས་པ།
སྤེལ་བའི་དུས་ཚོད། : 2017-06-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ད་ལོ། སློབ་གསོ་པུས་པུའུ་ཨུད་མང་པོ་དང་མཉམ་སྦྲེལ་བྱས་ནས་དགེ་རྒན་ཁྲི་ཡིས་སློབ་གསོར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་དོན་འཁྱོལ་བྱེད་འགོ་ཚུགས་པ་དང་། མེས་རྒྱལ་ནང་ཁུལ་གྱི་ཕུལ་བྱུང་དགེ་རྒན་སྒྲིག་འཛུགས་བྱས་ནས་ཤིན་ཅང་དང་བོད་ལྗོངས་ལ་སློབ་གསོར་རྒྱབ་སྐྱོར་བྱེད་པར་བཏང་ཡོད་པ་དེས། ས་གནས་གཉིས་ཀྱི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ནུས་པ་ཧུར་ཐག་འདོན་སྤེལ་བྱས་ཡོད་པ་རེད།

ཤིན་ཅང་དང་བོད་ལྗོངས་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་ཆེད། ད་ལོ། སློབ་གསོ་པུས་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། མི་ཤུགས་སྤྱི་ཚོགས་པུའུ་བཅས་དང་མཉམ་སྦྲེལ་བྱས་ནས་དགེ་རྒན་ཁྲི་ཡིས་སློབ་གསོར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་དོན་འཁྱོལ་བྱས་པ་དང་། མེས་རྒྱལ་ནང་ཁུལ་གྱི་ཕུལ་བྱུང་དགེ་རྒན་སྒྲིག་འཛུགས་བྱས་ནས་ཤིན་ཅང་དང་བོད་ལྗོངས་ལ་སློབ་གསོར་རྒྱབ་སྐྱོར་བྱེད་པར་བཏང་བས། ས་གནས་དེ་གའི་དགེ་རྒན་ལ་སྣེ་ཁྲིད་དང་སྦྱོང་བརྡར་བྱས་ཡོད་ཅིང་། ཤིན་ཅང་དང་བོད་ལྗོངས། མེས་རྒྱལ་ནང་ཁུལ་གྱི་སློབ་གྲྭའི་བར་ཕུལ་བྱུང་སློབ་གསོའི་ནུས་ཁུངས་མཉམ་སྤྱོད་བྱེད་པའི་རྒྱུན་གཏན་རང་བཞིན་གྱི་ལམ་ལུགས་ཤིག་བཙུགས་ཡོད་པ་མ་ཟད། ཤིན་ཅང་དང་བོད་ལྗོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་གོང་མཐོར་གཏོང་རོགས་བྱས་པ་རེད། ཁག་དང་པོར་ས་གནས་གཉིས་ལ་དགེ་རྒན་༤སྟོང་གསར་སྣོན་མངགས་གཏོང་བྱས་པའི་སྒང་ལ། ཁ་གཏད་རོགས་སྐྱོར་ཞིང་ཆེན་གྱིས་མངགས་གཏོང་བྱས་པའི་དགེ་རྒན་དང་དངོས་སྦྱོང་བྱེད་བཞིན་པའི་དགེ་འོས་སློབ་མ་བསྡོམ་ན། ཁྱོན་བསྡོམས་མི་༥སྟོང་༥བརྒྱ་ཡོད་པ་རེད།

སློབ་གསོ་པུའི་ཏང་འཛུགས་ཧྲུའུ་ཅི། པུའུ་ཀྲང་ཁྲེན་པོའོ་ཧྲེང་གིས། དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་ནི་ཤིན་ཅང་དང་། བོད་ལྗོངས་ཀྱི་དགེ་རྒན་དཔུང་ཁག་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་གསར་གཏོད་རང་བཞིན་གྱི་བྱ་ཐབས་ཤིག་རེད་ལ།ཤིན་ཅང་དང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་ཕན་ཐོགས་ཡོད་པའི་གལ་ཆེའི་དམངས་སེམས་ལས་གྲྭ་ཤིག་དང་། དམངས་འཚོའི་ལས་གྲྭ་ཤིག་ཀྱང་རེད། འོས་མངགས་དོ་ནན་གྱི་ཚད་གཞི་དང་། ལས་ཆོད་ཆེ་བའི་བླང་བྱ། སྒུལ་ཤུགས་ཆེན་པོ་སྤྲོད་པ། དོ་དམ་ཆེ་བའི་དོ་ཁུར། ཕུལ་བྱུང་ཞབས་ཞུ་འགན་ལེན་སོགས་འགངས་གནད་ཆེ་བའི་ལྷུ་ཚིགས་ལྔ་དམ་འཛིན་བྱས་ནས་དགེ་རྒན་ཁྲི་ཡིས་སློབ་གསོར་རོགས་སྐྱོར་བྱེད་པའི་འཆར་གཞི་སྔ་ནུར་དུ་དོན་འཁྱོལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བློ་བཟང་རྒྱ་མཚོ།