མཁའ་གྲུ་དང་པོ་རྟགས་ཅན་གྱི་ཟོག་འདྲེན་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བ།
སྤེལ་བའི་དུས་ཚོད། : 2017-04-21 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་4པའི་ཚེས་20ཉིན་གྱི་ཆུ་ཚོད་19དང་སྐར་མ་41ལ། མཁའ་གྲུ་དང་པོ་རྟགས་ཅན་གྱི་ཟོག་འདྲེན་འཕུར་གྲུ་ཁྱེར་བའི་རྒྱང་སྐྱོད་བདུན་པ་རྟགས་ཅན་གྱི་རྒྱང་ཚོར་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་རང་རྒྱལ་གྱི་ཝུན་ཁྲང་མཁའ་སྐྱོད་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་ཡོད་པ་དང་། སྐར་ཆ་596ཙམ་གྱི་རྗེས། འཕུར་གྲུ་དང་མེ་ཤུགས་འཕུར་མདའ་ལེགས་གྲུབ་ལྡན་པའི་ངང་ཁ་གྱེས་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་སླེབས་ཡོད་ནས་འཕེན་གཏོང་ལེགས་གྲུབ་བྱུང་ཡོད་པ་རེད།

འདི་ནི་མཁའ་གྲུ་ཟོག་འདྲེན་འཕུར་གྲུ་དང་རྒྱང་སྐྱོད་བདུན་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་གྲུབ་པའི་བར་སྣང་ཁམས་ས་ཚིགས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་གི་འཕུར་སྐྱོད་ཚོད་ལྟ་བྱེད་ཐེངས་དང་པོ་ཡིན་པ་རེད། འཕུར་གྲུ་འཁོར་ལམ་ཐོག་སླེབས་རྗེས། སྔོན་གཏན་འཁེལ་བའི་གོ་རིམ་ལ་གཞིགས་ནས་འཁོར་ལམ་ཐོག་ཁོར་རྒྱུག་བྱེད་བཞིན་པའི་བར་སྣང་ཕོ་བྲང་གཉིས་པ་རྟགས་ཅན་བར་སྔ་རྗེས་སུ་རང་འགུལ་འབྲེལ་མཐུད་དང་རང་བདག་མགྱོགས་མྱུར་འབྲེལ་མཐུད་སོགས་འབྲེལ་མཐུད་ཐེངས་གསུམ་བྱས་ནས། སྐུལ་འདེད་སྦྱོར་རྫས་འཁོར་ལམ་ཐོག་ཁ་སྣོན་ཐེངས་གསུམ་བྱེད་པ་དང་བར་སྣང་ཁམས་ཀྱི་བཀོལ་སྤྱོད་དང་མཁའ་སྐྱོད་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་ཚོད་ལྟ་མང་པོ་བྱ་རྒྱུ་ཡིན་པ་རེད། དེའི་ནང་། མཁའ་གྲུ་དང་པོ་རྟགས་ཅན་དང་བར་སྣང་ཕོ་བྲང་གཉིས་པ་རྟགས་ཅན་གྱི་སྡེབ་སྒྲིག་མས་འཁོར་ལམ་ཐོག་འཕུར་སྐྱོད་ཟླ་བ་2ཙམ་བྱ་རྒྱུ་དང་། མཁའ་གྲུ་དང་པོ་རྟགས་ཅན་གྱིས་ཁེར་རྐྱང་ཐོག་ཟླ་བ་3ཙམ་འཕུར་སྐྱོད་བྱ་རྒྱུ་ཡིན་པ་རེད། སྔོན་གཏན་འཁེལ་བའི་ལས་འགན་ལེགས་གྲུབ་བྱས་རྗེས། མཁའ་གྲུ་དང་པོ་རྟགས་ཅན་ལ་ཚོད་འཛིན་བྱས་ནས་འཁོར་ལམ་ནས་ཁ་བྲལ་དུ་འཇུག་རྒྱུ་དང་། སྔོན་གཏན་འཁེལ་བའི་བདེ་འཇགས་མཚོ་ཁོངས་སུ་འབབ་ཐུབ་པ་བྱ་རྒྱུ་ཡིན་ཞིང་། བར་སྣང་ཕོ་བྲང་གཉིས་པ་རྟགས་ཅན་འཁོར་ལམ་ནས་ཁ་གྱེས་ཏེ་མུ་མཐུད་རྒྱ་སྐྱེད་ཚོད་ལྟ་དང་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་རེད།

མིག་སྔར། བར་སྣང་ཕོ་བྲང་གཉིས་པ་རྟགས་ཅན་དེ་ས་ངོས་དང་བར་ཐག་སྤྱི་ལེ་393 ཡོད་པའི་ཉེ་སྒོར་འབྲེལ་མཐུད་འཁོར་ལམ་ཐོག་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། སྒྲིག་ཆས་ཀྱི་ལས་ཀ་རྒྱུན་ལྡན་ཡིན་པ་དང་། ཁོར་རྒྱུག་གནས་བབ་ཡག་པོ་ཡོད་པས། འབྲེལ་མཐུད་ལས་འགན་སྒྲུབ་པའི་བླང་བྱ་དང་འཚམས་ཀྱི་ཡོད་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར་བ། སྐལ་བཟང་བདེ་སྐྱིད།