འགོ་ཁྲིད་ལས་བྱེད་པས་མི་སྒེར་དང་འབྲེལ་ཡོད་དོན་དག་སྙན་ཞུ་རྒྱག་པ་དང་སྙན་ཞུའི་མཇུག་འབྲས་ལ་ཞིབ་དཔྱད་བྱས་རྗེས་ཐག་གཅོད་བྱ་ཐབས་སྐོར་གྱི་ཡིག་ཆ་འགྲེམ་སྤེལ་བྱས་པ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་ཞུ་རྒྱག་པའི་གཏན་འབེབས་ཞེས་པ་དང་འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་ཞུ་རྒྱབ་པའི་མཇུག་འབྲས་ལ་ཞིབ་དཔྱད་བྱས་རྗེས་ཐག་གཅོད་བྱ་ཐབས་ཞེས་པ་པར་འགྲེམ་བྱས་པ་མ་ཟད་བརྡ་ཐོ་བཏང་ནས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་ནན་ཏན་སྒོ་ནས་ལག་བསྟར་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་གཏན་འབེབས་ཀྱི་ནང་དོན་དང་བྱ་ཐབས་ཀྱི་ནང་དོན་ལག་བསྟར་མཐར་ཕྱིན་བྱ་རྒྱུ་དེ་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་འགན་འཁྲི་གཙོ་བོ་ལག་བསྟར་བྱ་རྒྱུའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཉིན་རེའི་ལས་ཀའི་གྲོས་རིམ་ནང་འཇོག་པ་དང་། སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་བཅས་བྱ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་ནས་ལག་བསྟར་བྱེད་པ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་། ལུགས་སྲོལ་གྱི་འདུ་ཤེས། སྒྲིག་འཛུགས་ཀྱི་ལྟ་བ་བཅས་ཇེ་ཆེར་གཏོང་བ། གཞུང་སེམས་དྲང་ལ་སྤྱོད་པ་ཚུལ་བཞིན་མཐུན་པ་ཞིག་བྱེད་པ། གཏན་འབེབས་གཞིར་བཟུང་མི་སྒེར་དང་འབྲེལ་ཡོད་ཀྱི་དོན་དག་དྲང་པོ་དྲང་བཞག་ཐོག་ནས་འབྲི་བ། རྩ་འཛུགས་ཀྱི་ལྟ་སྐུལ་རང་འགུལ་སྒོ་ནས་དང་ལེན་བྱེད་པ་བཅས་བྱ་དགོས་ཞེས་ནན་བཏོན་བྱས་ཡོད་པ་དང་།

བརྡ་ཐོའི་ནང་། རིམ་ཁག་སྒྲིག་འཛུགས་དང་མི་དོན་ཚན་པས་ལས་འགན་ལག་བསྟར་ནན་བཏན་བྱས་ཏེ། གཏན་འབེབས་དང་བྱ་ཐབས་ཀྱི་ནང་དོན་ལག་བསྟར་བྱ་རྒྱུར་རྒྱུན་སྲིང་དམ་བཟུང་བྱེད་པ་དང་། འཐེན་ཞིབ་ཞིབ་བསྡུར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཟབ་ནན་དང་དཀའ་ངལ་ལ་མི་སྐྲག་པ། སྙན་ཞུ་རྫུན་མ་རྒྱག་པའམ་དེ་མིན་གྱི་གནད་དོན་ལྷག་ཚེ་ཐག་གཅོད་ནན་མོ་བྱེད་པ། སྙན་ཞུའི་ལམ་ལུགས་ཀྱི་དོ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོབ་ཏན་ཏིག་བྱེད་པ་བཅས་བྱས་ཏེ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་ཁྲོད་ནུས་པ་སྔར་བས་ཆེ་བ་འདོན་སྤེལ་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།