འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་དམག་གི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས། ཨ་རིའི་ཤར་རྒྱུད་དུས་ཚོད་སྤྱི་ཚེས་14ཉིན་གྱི་ཆུ་ཚོད་15ཐོག ཨ་རིའི་དམག་དཔུང་གིས་དབྱི་རན་ལ་རེས་སྐོར་གསར་པའི་རྡུང་རྡེག་གཏོང་འགོ་བཙུགས་ནས། དབྱི་རན་གྱིས་ཧོར་མུའུ་ཙི་མཚོ་འགག་གི་ཚོང་གྲུར་འཇབ་རྒོལ་བྱེད་པའི་ནུས་པ་མུ་མཐུད་ཉམས་ཞན་དུ་གཏོང་བཞིན་ཡོད་ཅེས་བཤད་ཡོད། ཨ་རིའི་དམག་གིས་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཉིན་དེའི་ཆུ་ཚོད་16སྟེ། ཐེ་ཧེ་རན་གྱི་དུས་ཚོད་སྤྱི་ཚེས་14ཉིན་གྱི་ཆུ་ཚོད་23དང་སྐར་མ་30ཐོག་དབྱི་རན་གྱི་གྲུ་ཁ་དང་དེ་བཞིན་མཚོ་རྒྱུད་ས་ཁུལ་ནས་འགྲོ་འོང་བྱེད་མཁན་གྲུ་གཟིངས་ལ་དམིགས་པའི་མཚོ་ཐོག་བཀག་སྡོམ་སླར་གསོ་བྱས་ཡོད། མིག་སྔར་ཨ་རིའི་མཚོ་དམག་གི་དམག་གྲུ་20ལྷག་ཙམ་དང་དམག་སྤྱོད་གནམ་གྲུ་བརྒྱ་ཕྲག་ཁ་ཤས་ཀྱིས་དབུས་ཤར་ས་ཁུལ་དུ་ལས་འགན་སྒྲུབ་བཞིན་ཡོད།
སྤྱི་ཚེས་14ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས། དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་གྲོས་མོལ་བྱས་རྗེས། ཁོང་གིས་མཚོ་ཁུག་རྒྱལ་ཁབ་ཁག་དང་ཨ་རི་དབར་ཉོ་ཚོང་མ་འཇོག་གི་གྲོས་མཐུན་བཞག་ནས། ཧོར་མུའུ་ཙི་མཚོ་འགག་བརྒྱུད་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་གྲོན་དངུལ་20%བསྡུ་བ་དེའི་ཚབ་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བཤད་ཡོད།
ཉིན་དེར་དབྱི་རན་དབྱི་སི་ལམ་གྲོས་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ཨུ་ལྷན་གྱི་ཁོངས་མི་ལེ་ཀྲ་དབྱི་ཡིས། དགྲ་བོས་དངོས་སུ་དམག་རྒྱག་འགོ་ཚུགས་པས། དབྱི་རན་དང་ཨ་རིའི་བསམ་ཤེས་བརྗེད་ཐོའི་དོན་ཚན་ཚང་མ་ལས་འགལ་ཡོད་ཅིང་། བསམ་ཤེས་བརྗེད་ཐོའི་ནུས་པ་ཤོར་ཡོད་ཅེས་བཤད་ཡོད།
སྤྱི་ཚེས་14ཉིན་ཨ་མན་མཚོ་དོན་བདེ་འཇགས་ལྟེ་གནས་ཀྱིས། ལི་པེ་རི་ཡའི་རྒྱལ་དར་བཀལ་བའི་སྣུམ་གྲུ་གསུམ་ལ་ཉིན་དེར་ཨ་མན་ཉེ་འགྲམ་མཚོ་ཁོངས་ཀྱི་ས་ཆ་མང་པོར་འཇབ་རྒོལ་ཕོག་ནས། གྲུ་པ་གསུམ་གར་སོང་ཆ་མེད་དུ་གྱུར་བ་དང་། མི་6ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་ཡོད།
དབྱི་སི་རལ་སྨྱན་སྦྱོར་གྱིས་སྤྱི་ཚེས་14ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རི་དང་དབྱི་རན་གྱི་དུས་བབ་ཛ་དྲག་ཏུ་ཕྱིན་པ་དང་ཆབས་ཅིག ཨ་རིས་དབྱི་སི་རལ་གྱི་ཐེ་ལ་ཝུའེ་ཧྥུའུ་ཉེ་འགྲམ་དུ་གནས་པའི་པིན-ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་ཐང་ནས་དམག་འཐབ་གནམ་གྲུ་ཕྱིར་འཐེན་བྱ་རྒྱུ་དེ་གནས་སྐབས་མཚམས་བཞག་ཡོད་པ་རེད།