འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཚེས་12ཉིན། ཨ་རིའི་ཤར་རྒྱུད་དུས་ཚོད་ཉིན་དེའི་ཆུ་ཚོད་17ཐོག་ཨ་རིའི་དམག་གིས་དབྱི་རན་ལ་རེས་སྐོར་གསར་པའི་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བརྗོད་པ་རེད། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོར་པས་ཤེས་རྟོགས་བྱས་པར་གཞིགས་ན། ཨ་རིའི་དམག་གིས་ཉིན་དེར་དབྱི་རན་གྱི་མེ་ཤུགས་འཕུར་མདེལ་དང་མཁའ་ཟོན་མ་ལག་ལ་རྡུང་རྡེག་ཐེངས་མང་བཏང་བ་དང་། ཨ་རིའི་དམག་གིས་ད་དུང་ཧོར་མུའུ་ཙི་མཚོ་འགག་ཉེ་འཁོར་དུ་དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གི་གྲུ་གཟིངས་ཆུང་གྲས་ལ་དམིགས་ཏེ་བྱ་སྤྱོད་སྤེལ་ཡོད་པ་རེད།
དབྱི་རན་ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་གྱི་ཐོ་རེངས། ཨ་པ་སི་གྲུ་ཁ་དང་ཤི་ལི་ཁེ་ས་ཁུལ་སོགས་ས་ཆ་མང་པོར་འབར་གས་ཀྱི་སྒྲ་གྲགས་ཡོད་པ་རེད། དབྱི་རན་སྨྱན་སྦྱོར་ལས་ཁུངས་ཀྱིས་ཚེས་12ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེའི་ཕྱི་དྲོ་ནས་བཟུང་། དགྲ་ཕྱོགས་ཀྱིས་འཕེན་གཏོང་བྱས་པའི་མདེལ་11ཙམ་དབྱི་རན་ལྷོ་རྒྱུད་ཀྱི་ཧོར་མུའུ་ཙི་ཀན་མངའ་སྡེའི་ཀ་ཧྲེ་གླིང་ཕྲན་ལ་ཕོག་ནས། མི་གཅིག་རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་གཉིས་ལ་རྨས་སྐྱོན་ཕོག་ཡོད། དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་ཚེས་12ཉིན་དབྱི་རན་གྱི་འཕུར་མདེལ་གྱིས་དབུས་ཤར་ས་ཁུལ་དུ་ཡོད་པའི་ཨ་རིའི་དམག་གི་དམིགས་འབེན་ལ་རྡུང་རྡེག་བཏང་བའི་བརྙན་ལམ་ཁྱབ་སྤེལ་བྱས་ཡོད་པ་རེད། དབྱི་རན་དམག་ཕྱོགས་ཀྱིས་ཚེས་12ཉིན། ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ་སྤྱད་དེ་ཨ་རིའི་དམག་གི་ཁུ་ཝེ་ཐེ་རུ་གནས་པའི་རྒྱལ་གཅེས་པ་རྟགས་ཅན་གྱི་མཁའ་ཟོན་མ་ལག་དང་། མདེལ་མཛོད། རེག་བརྡའི་ས་ཚིགས་བཅས་ལ་འཇབ་རྒོལ་བྱས་ཡོད་ཅེས་བརྗོད་པ་དང་། དབྱི་རན་གྱིས་ད་དུང་ཨ་རིའི་དམག་གི་པ་རེན་དུ་གནས་པའི་བརྡ་འཕྲིན་མ་ལག་དང་རེག་བརྡའི་ས་ཚིགས་ལ་རྡུང་རྡེག་བཏང་ཡོད་པ་རེད། ཁུ་ཝེ་ཐེའི་རྒྱལ་སྲུང་མགྲིན་ཚབ་པས་ཚེས་12ཉིན་གྱི་དགོང་མོ་བརྡ་ཁྱབ་བཏང་ནས། རྒྱལ་ཁབ་དེའི་སྐམ་སའི་མཐའ་མཚམས་སོ་སྲུང་ཁང་གསུམ་དང་མཚོ་ཐོག་སོར་འབིགས་སྟེགས་བུ་ཞིག་ལ་འཇབ་རྒོལ་ཕོག་ཡོད་ཅེས་བརྗོད་ཡོད།
ཧོར་མུའུ་ཙི་མཚོ་འགག་གི་འགྲོ་སྐྱོད་གནས་ཚུལ་ཐད། ཨ་རིའི་དམག་གིས་མཚོ་འགག་དེར་འགྲོ་སྐྱོད་སྔར་མུས་ལྟར་བྱེད་བཞིན་ཡོད་ཅེས་བརྗོད་ཡོད། དབྱི་རན་ཕྱོགས་ནས་མཚོ་འགག་དེར་མིག་སྔའི་ཆར་འགྲོ་སྐྱོད་བྱེད་ཐབས་མེད་ཅེས་བརྗོད་ཡོད།
ཕ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས་12ཉིན་གསལ་བསྒྲགས་སྤེལ་ནས། ཨ་རི་དང་དབྱི་རན་གྱིས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ཏེ། ཨ་རི་དང་དབྱི་རན་གྱི་བསམ་ཤེས་བརྗེད་ཐོའི་ནང་དོན་ལ་བརྩི་སྲུང་ཞུས་ནས། དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་ཡོད་པ་རེད།