འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་9ཉིན་ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཙུང་ཐུང་ཐེ་རོན་ཕུའི་བཀའ་བཀོད་འོག ཨ་རིའི་དམག་དཔུང་གིས་ཨ་རིའི་ཤར་རྒྱུད་དུས་ཚོད་ཀྱི་ཆུ་ཚོད་17ནས་འགོ་བཙུགས་ཏེ་དབྱི་རན་ལ་“རང་སྲུང་རང་བཞིན་”ཟེར་བའི་རྡུང་རྡེག་བཏང་ནས་ཉིན་གཅིག་གོང་ཨ་རིའི་དམག་གི་“ཨ་ཕ་ཆི་”རྟགས་ཅན་གྱི་ཐད་འཕུར་གནམ་གྲུ་གཏོར་ལྷུང་བཏང་བའི་དོན་རྐྱེན་ལ་ཡ་ལན་བསློགས་ཡོད་ཅེས་བརྗོད་ཡོད།
ས་གནས་དེ་གའི་དུས་ཚོད་ཚེས་10ཉིན་གྱི་ཐོ་རེངས། དབྱི་རན་ལྷོ་རྒྱུད་ཀྱི་ཧོར་མུའུ་ཚི་ཀན་ཞིང་ཆེན་གྱི་ཤར་རྒྱུད་ས་ཁུལ་དུ་ཤིས་ལི་ཁེ་དང་སྨི་ན་པུའུ་སོགས་ཚུད་པའི་ས་ཆར་འབར་གས་ཐེངས་མང་ཐོན་ཡོད།
ཚེས་9ཉིན་དབྱི་རན་དཔོན་རིགས་ཀྱིས་དབྱི་རན་གྱི་དྲག་ཆས་དཔུང་སྡེས་རིམ་པ་མཐོ་ཤོས་ཀྱི་ཐོག་ནས་བཙན་འཛུལ་མཐའ་དག་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱས་ཟིན་ཞེས་བཤད་ཡོད།
ཚེས་9ཉིན་དབྱི་སི་རལ་རྒྱལ་སྲུང་དམག་གི་སྤྱི་ཁྱབ་དྲག་ཇུས་དཔོན་གྱིས་དེའི་གོང་དབྱི་རན་ལ་འཇབ་རྒོལ་བྱས་པ་དེ་“དེ་བས་གཞི་ཁྱོན་ཆེ་ཞིང་དེ་བས་ཤུགས་ཚད་ཆེ་བའི་རྡུང་རྡེག་གཏོང་ཆེད་”གྲ་སྒྲིག་བྱས་པ་ཞིག་ཡིན་པ་དང་། དུས་མཚུངས་སུ་དབྱི་སི་རལ་དམག་དཔུང་གིས་ལེ་པ་ནོན་གྱི་སྐྱབས་མགོན་ཏང་ལ་རྡུང་རྡེག་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད།
ལེ་པ་ནོན་སྤྱི་པའི་འཕྲོད་བསྟེན་པུའི་ཛ་དྲག་བྱ་སྤྱོད་ལྟེ་གནས་ཀྱིས་ཚེས་9ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཟླ་3ཚེས་2ཉིན་ནས་ཟླ་6ཚེས་9ཉིན་བར། དབྱི་སི་རལ་གྱིས་ལེ་པ་ནོན་དུ་འཇབ་རྒོལ་བྱས་པའི་ཁྲོད་མི་3666རྐྱེན་ལམ་དུ་ཤོར་བ་དང་མི་11321ལ་རྨས་སྐྱོན་ཕོག་ཡོད།
ཚེས་9ཉིན་ཕ་ལེ་སི་ཐན་དབྱི་སི་ལམ་འགོག་རྒོལ་ལས་འགུལ་(ཧ་མ་སིའི་)མགྲིན་ཚབ་པས་ཕ་ལེ་སི་ཐན་གྱི་ཤོག་ཁག་ཁག་དང་འདུམ་འགྲིག་ཕྱོགས་ཀྱིས་ཁེ་རོ་རུ་རེས་སྐོར་འདིའི་གླེང་མོལ་བྱེད་རིང་། དམག་མཚམས་འཇོག་པའི་གྲོས་མཐུན་ཁྲོད་ཀྱི་བྱ་དཀའ་བྱེད་གཏད་ཀྱི་གནད་དོན་མང་པོའི་ཐད་“དང་ལེན་བྱེད་ཆོག་པའི་ཇུས་གཞི་”བཏིང་ཡོད། དམག་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་མཚམས་གཉིས་པར་བདེ་བླག་ངང་བར་བརྒལ་བྱེད་ཐུབ་མིན་དེ་འདུམ་འགྲིག་ཕྱོགས་དང་། ཁག་ཐེག་རྒྱལ་ཁབ། “ཞི་བདེ་ཨུ་ཡོན་ལྷན་ཁང་”བཅས་ཀྱིས་དབྱི་སི་རལ་ལ་ཚོད་འཛིན་ནུས་ལྡན་བྱས་ཏེ། དབྱི་སི་རལ་ལ་གྲོས་མཐུན་དང་འགལ་བའི་བྱེད་སྤྱོད་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། མིག་སྔའི་ཇུས་གཞི་དང་ཐུན་མོང་གི་ངོས་འཛིན་དང་ལེན་བྱེད་དུ་འཇུག་ཐུབ་མིན་ལ་རག་ལས་ཡོད་ཅེས་བརྗོད་ཡོད།
ཚེས་9ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་ཡི་གེ་སྤེལ་ནས་དབུས་ཤར་ས་ཁུལ་གྱི་དུས་བབ་སླར་ཡང་ཛ་དྲག་ཏུ་ཕྱིན་པར་ཧང་སངས་བྱུང་ཞེས་དང་། འཇབ་རྒོལ་ཚང་མ་ངེས་པར་དུ་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་དང་། ལེ་པ་ནོན་དང་། དབྱི་རན། ཀ་ཧྲ་ས་ཁུལ་བཅས་སུ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་ངེས་པར་དུ་བརྩི་སྲུང་གང་ལེགས་བྱེད་དགོས་པ་དང་། མིག་སྔའི་ཕྱི་འབྲེལ་ཐད་ཀྱི་འབད་བརྩོན་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་གང་རུང་མི་ཐོན་པ་བྱ་དགོས་ཞེས་བརྗོད་ཡོད།