རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོ་དང་ཨ་རིའི་གཙོ་བདག་གི་མཇལ་མོལ་ལ་ཚད་མཐོའི་དོ་ཁུར་བྱེད་པ།
2026-05-15 09:58:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོ་དང་ཨ་རིའི་གཙོ་བདག་གི་མཇལ་མོལ་ལ་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། རྒྱལ་ཁབ་མང་པོའི་མི་སྣས། དེ་ནི་ལོ་རྒྱུས་རང་བཞིན་གྱི་མཇལ་མོལ་ཞིག་ཡིན་པ་དང་། འཛམ་གླིང་ལ་དགེ་མཚན་ལྡན་ལ་དྲང་ཕྱོགས་ཀྱི་བརྡ་རྟགས་བཏང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཨ་རིའི་ཨེ་ཤེ་ཡ་ཤར་མའི་གནད་དོན་སྐོར་གྱི་ཞིབ་འཇུག་མཁས་དབང་ཧྥེའར་ལི·ཏི་ཅིན་སེན་སློབ་ཆེན་གྱི་གདན་ཞུའི་དགེ་རྒན་ཆེ་མོ་བ་ཅེ་ཞི·ཀའེ་ཚིས། ཀྲུང་གོ་དང་ཨ་རི་ཁ་ཕྱོགས་གཅིག་ཏུ་བསྐྱོད་ཚེ་རྒྱལ་ཁབ་གཉིས་པོར་བདེ་སྐྱིད་དང་འཛམ་གླིང་ལ་ཕན་པ་ཐོབ་ངེས་རེད་ཅེས་དང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཇལ་མོལ་གནང་རིང་སླར་ཡང་ཀྲུང་ཨའི་འབྲེལ་བ་དེ་གྲུ་གཟིངས་ཆེན་པོ་ཞིག་ལ་དཔེ་བཞག་གནང་ནས། ང་ཚོས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་དགོས་ཞེས་གསུངས་ཡོད། ཀྲུང་གོ་དང་ཨ་རིས“དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”འཛུགས་པ་ནི་ང་ཚོ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་གདམ་ག་ཡིན་ཞེས་བསྟན་ཡོད།
ཨོ་སི་ཁྲུ་ལི་ཡའི་སྤྱི་དམངས་ཏང་གི་རྒྱལ་ཡོངས་ཀྲུའུ་ཞི་ལུའོ་པོ་ཐེ·པ་ཝུའེ་ཁེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཇལ་མོལ་གནང་རིང་གསུངས་པའི་ནང་དོན་ལ་དོན་སྙིང་གལ་ཆེན་ལྡན་ལ་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་པའི་ངོས་འཛིན་གནང་བ་དང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་ནི་གཟིགས་རྒྱང་རིང་བ་དང་། ཁོང་གིས་མཉམ་ལས་གཙོ་བོར་བྱེད་པ་དང་། འགྲན་རྩོད་ཚད་དང་ལྡན་པ། ཕྱོགས་འགལ་ཆ་ཚོད་འཛིན་བྱེད་ཐུབ་པ། ཞི་བདེར་རེ་སྒུག་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་ཨའི་འབྲེལ་བའི་ངེས་གནས་གསར་པ་རྒྱས་བཤད་གནང་བ་དེ་ནི་མི་རྣམས་ཀྱིས་ཉན་འདོད་ཡོད་པའི་གསུང་སྒྲ་ཡིན་ཞེས་གསུངས་འདུག
རྒྱལ་ཁབ་མང་པོའི་མི་སྣས། ཀྲུང་ཨའི་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཕྱོགས་གཉིས་འབྲེལ་བ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོས་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ལ་སྐུལ་འདེད་གཏོང་བཞིན་ཡོད། དབྱིན་ཇིའི་གོང་མ་ཚང་གི་ཤར་ནུབ་ཕྱོགས་ཀྱི་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཀྲུའུ་ཞི་དབྱི་སིས། ཀྲུང་གོ་དང་ཨ་རི་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་ཡིན་པའི་ངོས་ནས། དཔལ་འབྱོར་དར་རྒྱས་ཡོང་བ་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་དམིགས་འབེན་གལ་ཆེན་ཞིག་ཡིན། ད་ཐེངས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཇལ་མོལ་གནང་བའི་འགག་རྩ་ནི་ཀྲུང་གོ་དང་ཨ་རིས་གཉིས་རྒྱལ་ཡོང་བ་བྱས་ནས། འཛམ་གླིང་གི་བརྟན་ལྷིང་དང་ཞི་བདེར་ལེགས་སྐྱེས་འབུལ་རྒྱུའི་མོས་མཐུན་བྱས་པ་དེ་རེད་ཅེས་གསུངས་འདུག
པར་ཙིར་གྱི་ཚོང་ལས་གཙོ་འཛིན་རྩ་འཛུགས་ཀྱི་ཀྲུང་གོ་ཁུལ་གྱི་དབུ་བཞུགས་ལག་བསྟར་དཔོན་ཧོ་སའེ·ལི་ཁ་ཏུའོ་ཡིས། གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་སྒེར་གཉེར་ཚན་པ་ཚང་མས་ད་ཐེངས་ཀྱི་མཇལ་མོལ་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ཀྲུང་གོ་དང་ཨ་རིས་འཛམ་གླིང་གི་དཔལ་འབྱོར་སྒྲིག་ལམ་དང་དེ་བཞིན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་དེ་འཛམ་གླིང་གི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་། ཚོང་ལས་ཀྱི་གདེང་ཚོད་དང་འབྲེལ་བ་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་མཉམ་ལས་དང་། མཉམ་གནས། སེམས་ཤུགས། ཡིད་ཆེས་བཅས་ལ་གྲོས་བསྡུར་བྱས་པ་དེ་འཛམ་གླིང་གི་ངོས་ནས་བརྗོད་ན་སྐུལ་མ་ཧ་ཅང་ཆེན་པོ་ཞིག་རེད་ཅེས་གསུངས་འདུག
















