འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་མི་སྣས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་འཛམ་གླིང་ཞི་བདེ་དང་དར་རྒྱས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པས། གཙོ་བདག་ཕྱི་འབྲེལ་གྱིས་ཀྲུང་ཨའི་འབྲེལ་བ་བརྟན་པོའི་ངང་མདུན་སྐྱོད་བྱ་རྒྱུར་སྣེ་ཁྲིད་བྱས་ནས། འཛམ་གླིང་ལ་ཕན་པ་བསྐྲུན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།
ཨ་རིའི་ཕྱི་འབྲེལ་དཔོན་ཟུར་པ། འཛམ་གླིང་འབྲུ་རིགས་བྱ་དགའི་ཐེབས་རྩ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཁེན་ཉི་སི་·ཁུའེ་དབྱིན་གྱིས། ཨ་ཀྲུང་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་མ་ཟད། འཛམ་གླིང་གི་ངོས་ནས་བརྗོད་ནའང་དོན་སྙིང་གལ་ཆེན་ལྡན་ཡོད། ངས་བསམ་ན་ཁ་ཚ་དགོས་གཏུག་གི་དངོས་ཡོད་དགོས་མཁོ་མང་པོ་ཞིག་གིས་ང་ཚོ་རྒྱལ་ཁབ་གཉིས་ཕན་ཚུན་ཁ་ཕྱོགས་ནས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་མཇལ་འཛོམས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་འཐབ་ཇུས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
ཨ་རིའི་ལུའོ་ཧྲན་ཅི་གྲུ་ཁའི་ལག་བསྟར་ལས་འཛིན་ཅི་ཨེན་·སའེ་ལུའོ་ཁ་ཡིས། འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་ཡིན་པའི་ཨ་རི་དང་ཀྲུང་གོར་ཁྱབ་ཁོངས་མང་པོའི་ནང་མཉམ་ལས་བྱེད་པའི་གོ་སྐབས་མང་པོ་ཡོད། ལུའོ་ཧྲན་ཅི་གྲུ་ཁའི་ལས་སྒོའི་40%ཀྲུང་གོ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཀྲུང་གོ་ནས་ཐོན་པའི་ཚོང་ཟོག་གིས་ཨ་རིའི་འཛད་སྤྱོད་པར་ཕན་པ་ཐོབ་ཀྱི་ཡོད། ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེའང་ཨ་རིའི་དཔལ་འབྱོར་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བར་བརྟེན། ང་ཚོས་ཨ་ཀྲུང་གཙོ་བདག་མཇལ་འཛོམས་གནང་བ་དེས་ཕྱོགས་གཉིས་པོའི་འབྲེལ་བ་ཟབ་ཏུ་འགྲོ་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།
ཨ་རིའི་རང་བྱུང་ཐོན་རྫས་མནའ་འབྲེལ་གྱི་ཨེ་ཤེ་ཡའི་སྤྱི་འདོམས་ཏན་ཉིར་·མའེ་པི་ཡིས། ང་རང་གིས་ཨ་ཀྲུང་གཙོ་བདག་མཇལ་འཛོམས་ཀྱིས་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་དབར་གྱི་སྐད་ཆ་ཤོད་རེས་ལ་ཕན་འབྲས་ཐོན་རྒྱུའི་རེ་བ་ཡོད། དེས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་ཐོགས་ཡོད་ལ། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་སྔར་བས་ལེགས་པའི་ཁོར་ཡུག་བསྐྲུན་ཐུབ་རྒྱུ་རེད་ཅེས་བརྗོད་ཡོད།
ཨ་རིའི་ཕྱི་འབྲེལ་འབྲེལ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་མའེ་ཁེར·ཧྥུའུ་ལུའོ་མན་གྱིས་རྩོམ་ཡིག་སྤེལ་ནས། འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་ཨ་རི་དང་ཀྲུང་གོ་གཉིས་དབར་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཚེ། འཛམ་གླིང་དེ་བས་བདེ་འཇགས་ཡོང་རྒྱུ་རེད་ཅེས་བརྗོད་ཡོད།
ཨ་ཀྲུང་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ཐན་སེན་གྱིས། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་རིམ་པ་མཐོ་ཤོས་ཀྱི་འགྲོ་འོང་བཟང་པོ་རྒྱུན་འཁྱོངས་བྱས་ཚེ་བརྟན་བརླིང་ཡོང་རྒྱུའི་སྔོན་དཔག་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་། ཕྱོགས་གཉིས་པོའི་འབྲེལ་བར་སྔོན་དཔག་ཐུབ་པའི་ཆ་རྐྱེན་དེ་བས་འཛོམས་རྒྱུ་མ་ཟད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་མཛའ་གྲོགས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་རེད་ཅེས་བརྗོད་ཡོད།
རྒྱལ་སྤྱིའི་མི་སྣས། ཀྲུང་གོ་དང་ཨ་རིའི་གཙོ་བདག་མཇལ་འཛོམས་ཀྱིས་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་ཆེ་བ་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
སུའེ་ཏེན་གྱི་རྒྱུད་གཅིག་ལམ་གཅིག་ཞིབ་འཇུག་ཁང་གི་འགོ་འཛིན་ཧྲི་ཏི་ཧྥེན་·པུའུ་ལུའུ་ཨེར་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྲོས་འགོ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་འདུ་ཤེས་དེ་ཀུན་ཕན་བསྟུན་མཁས་ཀྱི་གོ་ལ་ཧྲིལ་པོ་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་ཞིག་རེད། ང་རང་གིས་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་རིའི་གཙོ་བདག་མཇལ་འཛོམས་ཀྱིས་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་འབྲེལ་བ་ཟབ་ཏུ་འགྲོ་བ་མ་ཟད། འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་དྲང་ཕྱོགས་ཀྱི་ནུས་ཤུགས་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
པོ་ལི་ཝེ་ཡའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཧྥེར་ནན་ཏུའོ·ཝ་ན་ཁུའུ་ཉི་ཡིས། ཀྲུང་གོ་དང་ཨ་རིའི་གཙོ་བདག་མཇལ་འཛོམས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཀྲུང་ཨའི་འབྲེལ་བ་དང་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་སོགས་ཀྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུ་རེད། གོ་ལ་ཧྲིལ་པོའི་ཆབ་སྲིད་དང་། དཔལ་འབྱོར། ཚན་རྩལ་མཉམ་ལས་སོགས་ཁྱབ་ཁོངས་སུ། ཀྲུང་གོས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་པས་འཛམ་གླིང་ཡོངས་ཀྱིས་ད་ཐེངས་ཀྱི་མཇལ་འཛོམས་ཀྱིས་གོ་ལ་ཧྲིལ་པོར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།
ཕོ་ལན་གྱི་ཙུང་ལི་གཞོན་པ་ཟུར་པ་དང་དཔལ་འབྱོར་པུའུ་ཀྲང་གཅིག་ལྕོགས་ཡ་ནུའུ་ཧྲི་·ཕི་ཡེ་ཧོ་ཆིན་སི་ཅིས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གཙོ་བདག་མཇལ་འཛོམས་ཀྱིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་མ་ཐེབས་ཐུབ་པ་མ་ཟད། འཛམ་གླིང་ལ་གདེང་ཚོད་དེ་བས་ཆེ་བ་སྣོན་ཐུབ་རྒྱུ་རེད། ང་ཚོས་ད་ཐེངས་ཀྱི་མཇལ་འཛོམས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས། ཕྱོགས་ཁག་གི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་ངོས་འཛིན་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།