དབྱི་རན་གྱིས་ཧོར་མུའུ་ཙི་མཚོ་འགག་བརྒྱུད་ནས་འགྲོ་དགོས་པའི་གྲུ་གཟིངས་ཀྱིས་ངེས་པར་དུ་དབྱི་རན་ཕྱོགས་ནས་བཏོན་པའི་གྲུ་ལམ་ཁོ་ནར་བསྐྱོད་དགོས་ཞེས་བརྗོད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གི་མཚོ་དམག་གིས་ཚེས་5ཉིན་གསལ་བསྒྲགས་སྤེལ་ནས། ཧོར་མུའུ་ཙི་མཚོ་འགག་བརྒྱུད་ནས་འགྲོ་རྩིས་ཡོད་པའི་གྲུ་གཟིངས་ཀྱིས་ངེས་པར་དུ་དབྱི་རན་ཕྱོགས་ནས་སྤྱི་བསྒྲགས་བྱས་པའི་གྲུ་ལམ་ལ་གཞིགས་ནས་འགྲོ་དགོས་པ་དང་། གལ་སྲིད་གྲུ་ལམ་དེ་ནས་ཁ་ཡོར་ཚེ། བདེ་འཇགས་མིན་པའི་བྱ་སྤྱོད་དུ་ངོས་བཟུང་རྒྱུ་མ་ཟད་དབྱི་རན་ཕྱོགས་ཀྱིས་མཐའ་གཅིག་ཏུ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བརྗོད་ཡོད།
གསལ་བསྒྲགས་ནང་། འདས་ཟིན་པའི་ཉིན་གཅིག་ནང་། ཨ་རིའི་དམག་གིས་ས་ཁུལ་གྱི་མཚོ་ཐོག་གྲུ་གཟིངས་འགྲོ་སྐྱོད་ཀྱི་སྒྲིག་ལམ་དང་བདེ་འཇགས་ལ་ཉེན་ཁ་བཟོ་བ་མ་ཟད་ཟང་ཟིང་སློང་བའི་བྱ་སྤྱོད་བཟུང་བས། ཧོར་མུའུ་ཙི་མཚོ་འགག་ཁྱབ་ཁོངས་ནང་གི་གྲུ་གཟིངས་བདེ་འཇགས་ངང་འགྲོ་བསྐྱོད་བྱེད་པར་ཉེན་ཁ་བཟོས་ཡོད་པ་མ་ཟད། ཚོང་འགྲུལ་གྲུ་གཟིངས་དང་། སྣུམ་སྐྱེལ་གྲུ་གཟིངས་། ཉ་འཛིན་གྲུ་གཟིངས་བཅས་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད། དེར་བརྟེན། དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གི་མཚོ་མག་གིས་འགྲོ་བསྐྱོད་བྱེད་པའི་གྲུ་གཟིངས་ལ་གོང་གསལ་གྱི་ཉེན་བརྡ་དེ་བཏང་བ་ཡིན་ཞེས་བརྗོད་ཡོད།
དབྱི་རན་སྨྱན་སྦྱོར་གྱིས་ཚེས་5ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱིས་མཚོ་ཐོག་འགྲོ་བསྐྱོད་གྱི་དོ་དམ་ལམ་སྲོལ་གསར་པ་ཞིག་ལག་བསྟར་བྱས་ནས། ཧོར་མུའུ་ཙི་མཚོ་འགག་བརྒྱུད་ནས་འགྲོ་དགོས་པའི་གྲུ་གཟིངས་ལ་གཅིག་གྱུར་ཐོག་དོ་དམ་ལག་ལེན་བསྟར་རྒྱུ་ཡིན་པ་རེད། ལམ་སྲོལ་གསར་པར་གཞིགས་ན། ཧོར་མུའུ་ཙི་མཚོ་འགག་བརྒྱུད་ནས་འགྲོ་རྩིས་ཡོད་པའི་གྲུ་གཟིངས་ཡོད་ཚད་ཀྱིས་གཞུང་ཕྱོགས་སྦྲགས་སྒམ་བརྒྱུད་དེ་འགྲོ་བསྐྱོད་སྒྲིག་སྲོལ་དང་འབྲེལ་བ་ཡོད་པའི་གཏན་འབེབས་དང་ལེན་བྱེད་དགོས་ཀྱི་ཡོད་པ་རེད།
ཨ་རིའི་དམག་གི་དྲག་ཇུས་དམག་དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྲུའུ་ཞིས་ཚེས་5ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཨ་རིའི་དམག་གིས་དབྱི་རན་ལ་གཞི་ཁྱོན་ཆེ་བའི་དམག་རྒྱག་སླར་གསོ་བྱ་རྒྱུའི་ཐད་གྲ་སྒྲིག་གང་ལེགས་བྱས་ཟིན་ཞེས་བརྗོད་པ་རེད། གཞན་ཡང་། ཨ་རིའི་དམག་གི་ཀྲུང་དབྱང་དམག་སྤྱི་པུས་ཧོར་མུའུ་ཙི་མཚོ་འགག་གི་ཉེ་འགྲམ་དུ་བདེ་འཇགས་ལ་ཤུགས་སྣོན་རྒྱག་པའི་ཁུལ་ཞེས་པ་ཞིག་བཟོས་པ་དང་། ཨ་རིའི་དམག་གིས་མཐར་སྤྲོད་དམག་གྲུ་སོགས་ཀྱིས་དབྱི་རན་ཕྱོགས་ཀྱི་བྱ་འགུལ་ལ་ལྟ་ཞིབ་ཚད་ལེན་དང་ཕར་རྒོལ་བྱེད་མུས་ཡིན་ཞེས་བརྗོད་ཡོད་པ་རེད།
དབྱི་སི་རལ་རྒྱལ་སྲུང་དམག་གི་སྤྱི་ཁྱབ་དྲག་ཇུས་དཔོན་གྱིས་ཉིན་དེར། གལ་སྲིད་དབྱི་རན་གྱིས་དུས་བབ་ཛ་དྲག་ཏུ་འགྲོ་བའི་སྐབས་དབྱི་སི་རལ་ལ་འཇབ་རྒོལ་བྱས་ཚེ། དབྱི་སི་རལ་དམག་ཕྱོགས་ནས་དྲག་ཤུགས་ལ་བརྟེན་ནས་ལན་ཆ་སློག་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་བརྗོད་པ་རེད།
གཞན་ཡང་དབྱི་རན་དྲག་ཆས་དཔུང་སྡེའི་ཧ་ཐ་མུའུ་ཨན་པི་ཡ་ཀྲུང་དབྱང་སྤྱི་ཁྱབ་པུའུ་ཡིས་ཚེས་5ཉིན་གསལ་བསྒྲགས་སྤེལ་ནས། དབྱི་རན་གྱིས་ཉེ་དུས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་དམིགས་པའི་འཇབ་རྒོལ་གང་ཡང་སྤེལ་མེད་ཅེས་བརྗོད་པ་རེད།
















