འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་ཚེས་21ཉིན་གནས་ཚུལ་སྤེལ་བ་ལྟར་ན། དུས་ཡུན་གཟའ་འཁོར་གཉིས་རིང་གི་དབྱི་རན་དང་ཨ་རིའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་དེ་ཀོ་རིན་ཝེ་ཆིའི་དུས་ཚོད་ཚེས་21ཉིན་གྱི་ནམ་གུང་དུ་དུས་རྫོགས་ཡོད་ཅིང་། དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆིས་ཉིན་དེའི་དགོང་མོར་ཨ་རིས་དབྱི་རན་གྱི་གྲུ་ཁ་བཀག་སྡོམ་བྱས་པ་དེ་ནི་དམག་འཁྲུག་གི་བྱེད་སྤྱོད་ཅིག་ཡིན་པ་དང་། དམག་མཚམས་འཇོག་པའི་གྲོས་མཐུན་དང་འགལ་ཡོད་ལ། ཚོང་གྲུ་ཞིག་ལ་འཇབ་རྒོལ་བྱས་པ་མ་ཟད་གྲུ་པ་བཙན་ཁྲིད་བྱས་པ་ནི་དེ་བས་ཀྱང་སྒྲིག་འགལ་ཚབས་ཆེན་བྱས་པ་ཞིག་རེད་ཅེས་བརྗོད་ཡོད། དབྱི་རན་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིས་ཉིན་དེར་མཚོ་ཐོག་བཀག་སྡོམ་ཐག་གཅོད་མ་བྱས་གོང་རེས་སྐོར་གཉིས་པའི་དབྱེན་འབྱེད་གྲོས་མོལ་བྱེད་མི་སྲིད་ཅེས་བཤད་ཡོད། དབྱི་རན་དྲག་ཆས་དཔུང་སྡེས་ཚེས་22ཉིན་གྱི་ཐོ་རེངས་ཨ་རིར་ཐ་ཚིག་བསྒྲགས་ཏེ། གལ་སྲིད་དབྱི་རན་ལ་དམིགས་པའི་བཙན་འཛུལ་ལམ་ཡང་ན་བྱ་སྤྱོད་གང་རུང་ཐོན་ཚེ་དབྱི་རན་གྱིས་འཕྲལ་མར་སྟོབས་ཤུགས་ཆེན་པོའི་ཐོག་ནས་སྔོན་གཏན་འཁེལ་བའི་དམིགས་འབེན་ལ་རྡུང་རྡེག་གཏོང་རྒྱུ་དང་། ཨ་རི་དང་དབྱི་སི་རལ་ལ་དེ་སྔ་ལས་ཤུགས་དྲག་ཆེ་བའི་བསླབ་བྱ་ཞིག་སྤྲོད་རྒྱུ་ཡིན་ཞེས་བརྗོད་ཡོད།
ཚེས་21ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་དབྱི་རན་སྲིད་གཞུང་ནང་ཁུལ་དུ་ཁ་ཕྲལ་ཚབས་ཆེན་བྱུང་བ་ཟེར་བར་དམིགས་ནས་ཨ་རི་ཕྱོགས་ཀྱིས་དམག་མཚམས་འཇོག་པའི་དུས་བཀག་རིང་དུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད་པ་མ་ཟད། དབྱི་རན་ཕྱོགས་ཀྱིས་སྔོན་ལ་གཅིག་གྱུར་གྱི་གྲོས་མོལ་ཇུས་གཞི་ཞིག་འདོན་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། དུས་ཚོད་དེའི་རིང་ཨ་རིའི་དམག་གིས་དབྱི་རན་ལ་མཚོ་ཐོག་བཀག་སྡོམ་མུ་མཐུད་བྱ་རྒྱུ་དང་དུས་མཚུངས་སུ་དམག་དོན་གྲ་སྒྲིག་གི་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། དབྱི་རན་གྱིས་ཇུས་གཞི་འདོན་པ་མ་ཟད། དབྱེན་འབྱེད་གྲོས་མོལ་ལེགས་གྲུབ་མ་བྱུང་བར་དུ་དམག་མཚམས་འཇོག་རྒྱུ་ཡིན་ཞེས་བརྗོད་ཡོད། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཉིན་དེར་ཤེས་རྟོགས་བྱས་པར་གཞིགས་ན། དབྱི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཝ་ཧྲིང་ཐོན་དུ་ཚུར་བསྐོངས་ནས་དབྱི་རན་དང་ལེ་པ་ནོན་གྱི་དུས་བབ་ཐད་ཛ་དྲག་གྲོས་མོལ་བྱས་ཡོད།