འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་21ཉིན། ལྗར་པན་སྲིད་གཞུང་གིས་ནང་བློན་ཁང་གི་གྲོས་ཆོད་ལ་མོས་མཐུན་བྱས་ཏེ་“འགོག་སྲུང་སྒྲིག་ཆས་ཕྱིར་གཏོང་རྩ་དོན་གསུམ་”དང་དེ་བཞིན་བེད་སྤྱོད་ཕྱོགས་སྟོན་ལ་བཟོ་བཅོས་བརྒྱབ་ནས་རྩ་དོན་ཐོག་གསོད་རྨས་རང་བཞིན་གྱི་གོ་མཚོན་ཕྱིར་གཏོང་བྱེད་ཆོག་པ་བཟོས་ཡོད། གླེང་ཕྱོགས་ཀྱིས་ཀའོ་ཧྲི་སྲིད་གཞུང་གིས་གསོད་རྨས་རང་བཞིན་གྱི་གོ་མཚོན་ཕྱིར་གཏོང་བཀག་སྡོམ་མེད་པར་བཟོས་པའི་རྒྱབ་ཏུ་ཉེན་ཁ་ཆེ་བའི་ལྐོག་གཡོ་མང་པོ་ཡོད་པ་དང་། དེ་ནི་ལྗར་པན་གྱི་བདེ་འཇགས་འགན་ལེན་སྲིད་ཇུས་ཀྱི་འགྱུར་ལྡོག་ཆེན་པོ་གཞན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ལྗར་པན་གྱིས་“སླར་ཡང་དམག་དོན་ཅན་དུ་འགྱུར་བའི་”གོམ་སྟབས་མགྱོགས་སུ་བཏང་ནས་དམག་འཁྲུག་གི་སྒོ་མོ་སླར་ཡང་ཕྱེ་ཡོད་པ་དང་། དེས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཉེན་ཁ་ཚབས་ཆེན་བཟོ་རྒྱུ་ཡིན་པ་རེད།
ཚེས་21ཉིན་ལྗར་པན་གྱི་མང་ཚོགས་ཁག་གཅིག་དབུ་བཞུགས་བློན་ཆེན་གྱི་ལས་ཤག་མདུན་དུ་འདུ་ཚོགས་བྱས་ཏེ་གོ་མཚོན་ཕྱིར་གཏོང་བཀག་སྡོམ་མེད་པར་བཟོས་པར་ངོ་རྒོལ་བྱས་པ་དང་། འདུ་ཚོགས་བྱེད་མཁན་གྱིས་རྒྱལ་ཚོགས་མ་བརྒྱུད་པར་རང་འདོད་ལྟར་ཐག་གཅོད་བྱེད་པ་ནི་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན། དོན་དག་འདི་རིགས་ཅིའི་ཕྱིར་ནང་བློན་ཁང་གི་ཚོགས་འདུའི་ཐོག་ཐག་གཅོད་བྱེད་ཆོག་པ་རེད། ང་ཚོས་རྩ་བ་ནས་བསམ་ཤེས་བྱེད་ཐབས་མེད་ལ། བཟོད་སྒོམ་ཡང་གཏན་ནས་བྱེད་ཐབས་མེད། དེ་མ་ཟད་ང་ཚོའི་སྐད་ཆ་སྣང་མེད་དུ་བཞག་ཡོད་ཅེས་བཤད་ཡོད།
ལྗར་པན་གྱི་མི་སྣ་མང་པོས་ཀྱང་ཀའོ་ཧྲི་སྲིད་དབང་གི་འབྲེལ་ཡོད་བྱེད་སྟངས་ལ་ངོ་རྒོལ་བྱས་ཡོད།
ལྗར་པན་སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་གཙོ་ཧྥུའུ་ཏའོ་རུའེ་སུའེ་ཡིས་ལྗར་པན་ནི་མ་གཞི་ཕྱི་རྒྱལ་དུ་གོ་མཚོན་མི་འཚོང་བའི་རྒྱལ་ཁབ་ཅིག་ཡིན། ད་ཆ་ནང་བློན་ཁང་གི་གྲོས་ཆོད་ཁོ་ནར་བརྟེན་ནས་གོ་མཚོན་ཕྱིར་གཏོང་གི་བཀག་སྡོམ་མེད་པར་བཟོས་པ་དེ་ནི་དང་ལེན་གཏན་ནས་བྱེད་ཐབས་བྲལ་བ་ཞིག་རེད། དེ་རིང་ངས་གྲོས་ཁང་གོང་མར་འདྲི་རྩད་བྱེད་ཁོ་ཐག་ཡིན་ཞེས་བརྗོད་ཡོད།
ལྗར་པན་ཏུང་ཧའེ་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེན་མོ་ཧྲན་ཞ་ཡ་ཡན་གྱིས་དེ་ནི་རྩ་ཁྲིམས་ཀྱི་དོན་ཚན་དགུ་པ་དང་མངོན་གསལ་དོད་པོས་འགལ་བ་ཞིག་ཡིན་པས་དེ་མཐོང་ཡང་མ་མཐོང་བ་ལྟར་གཏན་ནས་བྱེད་མི་རུང་། ཀའོ་ཧྲི་ཡིས་ད་དུང་“རྩ་ཁྲིམས་བཟོ་བཅོས་”ལ་སྐུལ་འདེད་གཏོང་རྩིས་བྱས་པ་དེ་ནི་རྩ་ཁྲིམས་ལ་གཏོར་བཤིག་བཏང་བ་ཞིག་རེད། འདིས་མི་རྣམས་ཁོང་ཁྲོ་ལངས་སུ་བཅུག་ཡོད་ལ། དོན་དེ་ལམ་ལྷོངས་ཡོང་དུ་གཏན་ནས་འཇུག་མི་རུང་། ཀའོ་ཧྲི་ཙའོ་མེའོ་ཡི་བྱེད་སྟངས་དེས་དུས་བབ་སྔར་བས་ཉེན་ཁ་ཇེ་ཆེར་བཏང་ཡོད། ཁོང་མོ་དབུ་བཞུགས་བློན་ཆེན་བྱེད་མི་འོས་པ་མ་ཟད། ངས་བལྟས་ན་ཁོང་མོར་རྒྱལ་ཚོགས་ཀྱི་གྲོས་མི་བྱེད་པའི་ཐོབ་ཐང་ཡང་མི་འདུག་ཅེས་བརྗོད་ཡོད།