ཨ་རིའི་དམག་གིས་“བཀག་སྡོམ་བཀའ་རྒྱ་”འདི་དངོས་སུ་ལག་བསྟར་བྱས་འདུག
ཨ་རིའི་དམག་གིས་“བཀག་སྡོམ་བཀའ་རྒྱ་”ལག་བསྟར་བྱེད་འགོ་ཚུགས་པ་དང་། དེས་མཚོ་ཐོག་ཏུ་ཕན་ཚུན་ཁ་གཏད་དུ་ལངས་པའི་རྣམ་པ་ཇེ་སྡུག་ཏུ་བཏང་ཡོད། ས་གནས་དེ་གའི་དུས་ཚོད་ཚེས་13ཉིན། ཐེ་རོན་ཕུའུ་ཡིས་དབྱི་རན་གྱི་“འོས་ཤིང་འཚམ་པའི་མི་སྣ་”ཞིག་གིས་ཨ་རིར་གློག་འཕྲིན་བཏང་ནས་“གྲོས་མཐུན་འཇོག་ཐུབ་རེ་བྱེད་བཞིན་ཡོད་”ཅེས་བཤད་བྱུང་ཞེས་བརྗོད་པ་དང་། དབྱི་རན་གྱིས་ཨ་རི་“རྟག་ཏུ་ཁ་དན་ཚིག་ལ་མི་གནས་པའི་”དབང་གིས་དབྱི་སི་ལམ་པོའི་གྲོས་མོལ་ལ་གྲོས་མཐུན་འཇོག་ཐུབ་མེད་པ་རེད་ཅེས་བརྗོད་འདུག ཡིན་ནའང་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རི་དང་དབྱི་རན་གྱིས་མུ་མཐུད་འབྲེལ་གཏུག་བྱེད་བཞིན་ཡོད་པ་དང་། གོམ་སྟབས་རྗེས་མའི་“ཐད་ཀའི་དབྱེན་འབྱེད་གྲོས་མོལ་”དེ་ཕལ་ཆེར་ཚེས་16ཉིན་དབྱི་སི་ལམ་པོར་བྱ་རྒྱུ་ཡིན་པ་རེད།

དེ་དང་ཆབས་ཅིག ཨ་རིའི་དམག་གིས་ཨ་རིའི་ཤར་རྒྱུད་དུས་ཚོད་ཚེས་13ཉིན་གྱི་ཆུ་ཚོད་10པ་ནས་བཟུང་དབྱི་རན་གྲུ་ཁ་ནས་འགྲོ་འོང་བྱེད་མཁན་གྱི་གྲུ་གཟིངས་ལ་བཀག་སྡོམ་བྱས་ཡོད་པ་རེད། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས། བཀག་སྡོམ་ཁུལ་དང་ཉེ་བར་བཅར་མཁན་གྱི་དབྱི་རན་གྱི་དམག་གྲུ་“འཕྲལ་མ་ཉིད་དུ་རྩ་གཏོར་གཏོང་རྒྱུ་ཡིན་”ཞེས་བརྗོད་འདུག དབྱི་རན་རྒྱལ་སྲུང་པུའུ་ཡིས་དེའི་ཐད་ལན་ཆ་བྱས་ནས། དམག་དོན་གྱི་ཐོག་ནས་ཧོར་མོ་ཚེ་མཚོ་འགག་དང་ཨ་མན་མཚོ་འགག་ལ་ཐེ་ཇུས་བྱེད་པའི་རེ་ངན་མཐའ་དག་ཕམ་ཉེས་སུ་འགྲོ་ངེས་རེད་ཅེས་བརྗོད་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















